[A:215]
མཁྱེན་བརྩེའི་ཞབས་ཀྱི་ཁྲིད་ཡིག་བདེ་ཆེན་ཐིག་ལེའི་སྟེང་ནས་བརྟེན་བསྐྱེད་རིམ་སེམས་འཛིན་དང་བཅས་པ་དང་། བརྟེན་པ་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་དགའ་གྲོལ་མཆོག་ཡན་གོང་དབང་གི་བརྒྱུད་པ་ལྟར་ལ། དེ་ནས་འཇམ་རྡོར་ཁྲིད་བརྒྱ་ལྟར་རོ༎ ་༎རས་ཆུང་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཁྲིད་བརྒྱུད་ནི་གོང་དབང་དང་འདྲའོ༎ ་༎མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་པོ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་འཇུག་ངོགས། ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་ཅན་གྱི་གང་ཟག་རྣམས་ཚེ་གཅིག་ལ་སངས་རྒྱས་ཀྱི་འབྲས་བུ་ལ་དུས་མྱུར་བར་སྦྱོར་ནུས་པའི་དཔལ་དུས་ཀྱི་འཁོར་ལོའི་ཟབ་ཁྲིད་སྦྱོར་བ་ཡན་ལག་དྲུག་ལ་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱི་ཁྲིད་ཡིག་མཐོང་བ་དོན་ལྡན་དང་། འཇམ་མགོན་ཡོན་ཏན་རྒྱ་མཚོའི་ཁྲིད་བསྡུས་སྔོན་འགྲོ་སོགས་ཀྱི་སྟེང་ནས་སྔོན་འགྲོ་རྣམ་བཞི། རྟེན་བསྐྱེད་རིམ་སེམས་འཛིན་དང་བཅས་པ་དང་། རྫོགས་རིམ་ཉེར་བསྡོགས་དབེན་པ་གསུམ་དང་། དངོས་གཞི་སོར་སྡུད་བསམ་གཏན་སྐུ་རྡོ་རྗེའི་རྣལ་འབྱོར། སྲོག་འཛིན་གསུང་རྡོ་རྗེའི་རྣལ་འབྱོར། རྗེས་དྲན་ཐུགས་རྡོ་རྗེའི་རྣལ་འབྱོར། ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཇོ་ནང་ཏཱ་ར་ནཱ་ཐ་ཡན་གོང་དབང་གི་བརྒྱུད་པ་ལྟར་ལ། དེ་ནས་རིན་ཆེན་རྒྱ་མཚོ། བློ་གྲོས་རྒྱལ་མཚན། ངག་དབང་ཕྲིན་ལས། ངག་དབང་རྣམ་རྒྱལ། ཀུན་དགའ་ཆོས་འཕེལ། ངག་དབང་དྲི་མེད། ངག་དབང་ཆོས་འཕེལ། བདག་ཅག་གི་དུས་ཞབས་པ་བློ་གྲོས་མཐའ་ཡས།