R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 43
[A:43] དབང་པོ། མཁན་ཆེན་བྱང་ཆུབ་སེང་གེ་མན་འདྲའོ༎ ་༈་་༎གསུམ་པ་རྣལ་འབྱོར་རྒྱུད་ཀྱི་མཚན་ཉིད་ནི། ལག་བཅང་གི་བདེ་བ་ལམ་དུ་བྱས་ཏེ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། །སྒྲ་དོན་ནི། ཡོ་ག་ཏནྟྲ་ཞེས་པའི་སྒྲ་ལེས་དྲངས་ནས། རྣལ་འབྱོར་གྱི་རྒྱུད་དེ། གཙོ་བོར་ཏིང་ངེ་འཛིན་ལ་སྦྱོར་བའི་རྒྱུད་ཡིན་པས་ན་དེ་སྐད་དོ། །དབྱེ་ན་ཐབས་གཙོ་བོར་སྟོན་པ་དང་། ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་གཉིས་ཀྱི་དང་པོ་ལ། རྩ་བའི་རྒྱུད་དཔལ་དེ་ཉིད་བསྡུས་པ། བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་འཕྲོས་པའི་རྒྱུད། ངན་སོང་སྦྱོང་རྒྱུད་སོགས་མང་དུ་བཞུགས་པ་ལས། རྩ་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་དང་པོ་འདོད་ཆགས་ཅན་གྱིས་འདོད་ཆགས་འདུལ་བར་བསྟན་པ་དེ་བཞིན་གཤེགས་པའི་རིགས་དཔལ་རྡོ་རྗེ་དབྱིངས་ཀྱི་དབང་བཀལ་ལ། དཀྱིལ་ཆོག་རྡོ་རྗེ་འབྱུང་བའི་ལུགས་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་དང་། འགྲེལ་ཆེན་དེ་ཉིད་སྣང་བ་ནས་འབྱུང་བའི་ལུགས་ཀྱི་དབང་ཤིན་ཏུ་རྒྱས་པ་དང་གཉིས་ཀྱི་དང་པོ། དཔལ་རྡོ་རྗེ་དབྱིངས་རྩ་བ་ལུགས་ལྷ་སོ་བདུན་མགྲོན་ཐབས་དང་བཅས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཀུན་མཁྱེན་བུ་སྟོན་གྱི་དཀྱིལ་ཆོག་སྐུ་ཞང་ནམ་མཁའི་མཚན་ཅན་གྱི་དཀྱིལ་འཁོར་རྒྱལ་མཆོག་ཟུར་པ། བྱང་གླིང་དབོན་རྒྱལ་བའི་ལྷན་ཐབས། ཤར་ཆེན་ལ་ཤེས་རྒྱལ་མཚན་གྱི་དབང་ཆོག་ཅེས་པའི་སྟེང་ནས་སྟ་གོན་འཇུག་སྔོན་དུ་འགྲོ་བའི་རྡོ་རྗེ་སློབ་མའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་། ཕྱག་རྒྱ་གསང་བར་གདམས་པ། དཀྱིལ་འཁོར་མཆོད་པ། ཙཱ་རུའི་བཟའ་བའི་བར་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ནི།