R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ལྷ་གཅིག་ཀོང་ཇོ་ཨུཏ྄པལ་སྔོན་པོ་ཡི་གེ་ཊྃ་གྱིས་མཚན་པ་གཅིག་ཏུ་གྱུར་ཏོ། །རྒྱལ་པོ་ཞལ་སྒོ་ངོས་སུ་ལོག་མཛད་ནས་སྤྱན་ཟུར་ཞིག་གཟིགས་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོའི་རྩར་གཤེགས་པ་དང༌། རྒྱལ་པོའི་དབུའི་ཨ་མི་དེ་བ་དང༌། ཇོ་བོ་ཐུགས་རྗེ་ཆེན་པོ་དང་རང་བྱུང་ལྔ་ལྡན་གྱི་དབུའི་ཨ་མི་དེ་བ་གཉིས་པོ་མཉམ་ཁད་དེ་གདའ། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ཟླ་བ་ཉ་བ་ལྟ་བུ་ཙམ་པ་ཞིག་ཤར་བ་དེ་ལས་འོད་འཕྲོས་ནས་སོང་བས། ར་སའི་ཕྱི་ནང་ཐམས་ཅད་ཁྱབ་པས། སྟེང་ཁང་གི་རྟ་མགྲིན་དཀར་པོའི་སྐུ་ལས་འོད་ཟེར་དུང་ལྟ་བུ་བྱུང་སྟེ་ར་སའི་ཕྱི་ནང་ཐམས་ཅད་འོད་ཀྱི་དྲ་བས་ཁྱབ་པར་གྱུར་ཏོ། །ཡང་སྟེང་ཁང་དབུ་རྩེའི་སྒོ་ངོས་ལ་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་སྐུ་ལས་འོད་ཟེར་གསེར་ལྟ་བུ་བྱུང་ནས་ཀྱང་དེ་བཞིན་ནོ། །ཡང་འོག་ཁང་གི་སངས་རྒྱས་སྨན་བླའི་སྐུ་ལས་ཀྱང་འོད་ཟེར་བཻཌཱུརྱ་ལྟ་བུ་འཕྲོས་ནས་ཀྱང་དེ་བཞིན་ནོ། །འོག་ཁང་དབུ་རྩེའི་ལྷོ་ངོས་ནས་འཕགས་པ་འཇམ་དཔལ་གྱི་སྐུ་ལས་འོད་ཟེར་གུར་ཀུམ་གྱི་མདོག་ལྟ་བུ་འཕྲོས་ནས་ཀྱང་དེ་བཞིན་ནོ། །དེ་ནས་ཁྲོ་རྒྱལ་སྨེ་བ་བརྩེགས་ལཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོད་ཟེར་རེ་རེའི་སྣ་ལ་ཁྲོ་ཆུང་རེ་རེ་བཞུགས་ནས་ར་སའི་ཕྱིར་ནང་ཐམས་ཅད་ཁེངས་པར་གྱུར་ནས་ཀྱང་དེ་བཞིན་ནོ། །གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་འཕྲོས་པས་ཀྱང་དེ་བཞིན་ནོ། །བྱམས་པ་ཆོས་ཀྱི་འཁོར་ལོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཀྱང་དེ་བཞིན་ནོ། །ཡང་དངུལ་གྱི་བྱམས་པ་མཆེད་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཀྱང་དེ་བཞིན་ནོ། །ར་སའི་གཙུག་ལག་ཁང་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་ལྟར་གྱུར་པ་དང་ཕྱི་ནས་བློན་པོ་བཅུ་དྲུག་པོ་སླེབས་ཏེ། རྒྱལ་པོའི་བེར་ཁྲི་ཐོག་ན་ཅམ་མེ་འདུག རྒྱལ་པོ་སྐུ་མི་བཞུགས་པར་མཐོང་བས། དེར་བློན་པོ་བསེ་རུ་གུང་སྟོན་ན་རེ། སྣ་ཇཆེན་པོ་ཁྱོད་རྒྱལ་པོའི་སྐུ་སྲུང་ལ་བཞག་པ་ཡིན་པ་ལ། རྒྱལ་པོ་གར་གཤེགས་ཟེར་རོ། །ཚིག་དེ་ལན་གསུམ་དུ་བཟླས་ཀྱང་སྣ་ཆེན་པོ་སྙམ་ན། ཚུལ་དེ་ལྟ་བུ་སུ་ལ་བཟླས་ཀྱང་ཡིད་ཆེས་པར་མི་འགྱུར་སྙམ་ནས། མགོ་བསྟུམས་ཏེ་ངོ་གནོང་གནག་པར་གྱུར་ཏོ། །དེ་ལ་བློན་པོ་བལ་གྱི་གཏན་རིང་པོ་
༼ སྦས་སྒྱིད་ཐག་རིང་མོ༽
ན་རེ། སྣ་ཆེན་པོ་ཁྱོད་བོད་ཀྱི་ཞང་བློན་རྣམས་ཀྱི་བཀའ་ལན་གསུམ་དུ་གཅོག་གམ་སྐེ་གཅད་དམ་ཟེར་ནས། ཇོ་མོ་མོང་བཟའ་སྙམ་ན། སྣ་ཆེན་པོ་སྐེ་བཅད་ན་བོད་ཐམས་ཅད་འཐབས་ནས། ཡབ་རྒྱལ་པོ་ནི་ལྷ་ལ་ཐིམ། སྲས་ནི་ཆུང༌། རྒྱལ་ཁྲིམས་ཞིག་ནས་འགྲོ་སྙམ་ནས། ཁོང་རྒྱལ་པོ་ཡབ་ཡུམ་གསུམ་ཀ་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ཐལ་བྱས་ནས། དེར་སྣ་ཆེན་པོའི་བསམ་པ་ལ། ཇོ་མོས་ཤགས་འབྱེད་པ་འདུག་སྙམ་ནས་ཇི་ལྟར་གྱུར་པ་རྣམས་དང༌། གསུངས་པར་གྱུར་པ་རྣམས་སྨྲས་སོ། །དེའི་དཔང་པོ་ལ་རྒྱལ་པོའི་བེར་ཀྱང་མངོན་གསུམ་མོ། །ཇོ་མོ་གསུམ་གྱི་ཕྱག་རྟེན་ཡང་མངོན་གསུམ་མོ། །ཇོ་མོ་མོང་བཟའ་ཁྲི་ལྕམ་ཡང་མངོན་སུམ་དུ་ཡོད་བྱས་པས་བློན་པོ་ཆེན་པོ་རྣམས་ཡིད་ཆེས་ཏེ། ཡང་བློན་པོ་དཔལ་གྱི་བརྟན་
༼ སྦས་སྒྱིད་ཐག་རིང་མོ་༽
ནས། རྒྱལ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པའི་གཏན་ཚིགས་ཅི་ཡོད་པ་ཡིན་ཟེར་རོ། །བློན་པོ་ཐོན་མི་སམ་བྷོ་ཌ་མི་ཆུང་ན་རེ། རྒྱལ་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པའི་གཏན་ཚིགས་གསུམ་ང་ལ་ཡོད་དེ། དེ་ཕོ་བྲང་བྱམས་པ་མི་འགྱུར་བ་ན་སྐུ་བལྟམས་པའི་དུས་སུ་རྒྱལ་པོའི་དབུ་ལ་ཨ་མི་དེ་བའི་དབུ་ཡོད་པ་ཨ་མི་དེ་བའི་དབུ་ལ་ཐོད་གསོལ་ཏེ་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་བྱ་བ་དང༌། ཕོ་བྲང་ཁྲ་འབྲུག་ལྷ་ཁང་དེ་ཉིད་བཞེངས་པའི་དུས་སུ། མཆོད་རྟེན་དབུ་ལྷའི་རྩ་ན་དགེ་སློང་གི་གཟུགས་གཅིག་འདུག་པ་ལ་ཕྱག་བྱས་ནས་དེ་ངོ་མཚར་རམ་བྱས་པས། དགེ་སློང་དེ་ཁ་བྱད་ཤིན་ཏུ་ངན་ཏེ་རྣམ་འཕྲུལ་འདི་ངོ་མཚར་རམ་ཟེར་ནས་མཆོད་རྟེན་དབུ་ལྷ་པོ་ལག་སོར་ལ་བརྟེན་པས། རྒྱལ་པོ་ན་རེ། ཁྱོད་སངས་རྒྱས་ཀྱི་བསྟན་པའི་བསླབ་པ་ལ་ཞུགས་པ་ངོ་མཚར་ཏེ། ང་རྒྱལ་སྲིད་སྐྱོང་བའི་རྒྱལ་སྲིད་སྐྱོང་རྒྱལ་པོའི་སྤྱི་གཙུག་གི་ལྷ་འདི་ངོ་མཚར་རམ་བྱས་ཏེ་དབུ་ཐོད་ཕུད་ནས་ཨ་མི་དེ་བ་བསྟན་པས།