R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
དགེ་སློང་ན་རེ། ལྷ་གཅིག་ལས་མི་འདུག་པ་ཟེར་ནས། དེར་ཐོད་པ་དུང་ཁང་ཁ་ཕྱེ་སྟེ་དཔལ་གསང་བ་འདུས་པའི་ལྷ་ཚོགས་རྣམས་བསྟན། དེའི་ཚེ་རྒྱལ་པོ་ཨ་མི་དེ་བ་བཞུགས་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང༌། ལི་ཡུལ་དུ་དགེ་སློང་གཉིས་ཀྱིས་འཕགས་པ་འཇམ་དཔལ་བསྒྲུབས་པས། འཇམ་དཔལ་གྱི་ཞལ་ནས་ང་ལ་ཁྱོད་ཅི་བྱེད་ཟེར། འཕགས་པ་སྤྱན་རས་གཟིགས་ཞལ་བལྟ་བར་འཚལ་ཞུས་པས། སྤྱན་རས་གཟིགས་དབང་ཕྱུག་ད་ལྟ་བོད་ན་རྒྱལ་པོ་བྱེད་ཀྱི་ཡོད། དེར་སོང་ལ་ཞལ་ལ་ལྟོས་གསུངས་ནས་ལུང་བསྟན། དེ་མ་ཐག་ཏུ་ཁོང་གཉིས་ཀྱིས་ཕྱག་རྟེན་ཁྱེར་ནས་ཡོང་བས། ཡར་ལུང་ཨུ་རར་ཕྱིན་ཙ་ན་རྒྱལ་ཁྲིམས་ཀྱིས་ཆད་པ་ཕོག་པ་རྣམས་ལ་ཉེས་པ་ལེན་པའི་མགོ་འབྲེག་པ་དང༌། མིག་འབྱིན་པ་དང༌། སྒྱིད་མ་འབྲེག་པ་དང༌། ལག་པ་འབྲེག་པ་ལ་སོགས་པའི་ཆད་པ་གཅོད་པ་མང་པོ་མཐོང་བས། དེར་འདི་རྣམས་ཅི་ཡིན་བྱས་པས་བོད་ཀྱི་རྒྱལ་པོས་ཁྲིམས་ཀྱི་ཆད་པ་གཅོད་པ་ཡིན་ཟེར་བས། འོ་ན་བོད་ཀྱི་རྒྱལ་པོ་སྡིག་པ་ཅན་དུ་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མ་ཡིན་པར་འདུག་ཟེར་ནས་ཕྱིར་ལོག དེ་ནས་ཡང་རྒྱལ་པོ་ལྷ་ས་ལ་བཞུགས་ཟེར་ནས། སྦུ་རུའི་དན་འབག་གི་ཐང་ལ་ཕྱིན་པས། ཡང་རྒྱལ་པོས་ཆད་པ་བཅད་པའི་མིག་ཕྱུང་བ་དང༌། མགོ་འབྲེག་པ་དང༌། ཡན་ལག་བཅད་པ་ཕུང་པོར་སྤུངས་པ་མཐོང༌། ཕྱིར་ལོག་ལ་འཕགས་པ་འཇམ་དཔལ་གྱིས་རང་རེ་སྤྱན་རས་གཟིགས་དང་མ་སྤྲད་པར་བདུད་དང་སྤྲད་འདུག་ཟེར་ཞིང་རྒྱལ་པོ་ལ་རྔན་བགྲང་གིན་ཕྱིན་པས་རྒྱལ་པོ་ར་ས་ན་བཞུགས་པལས་མཁྱེན་ཏེ། ནང་བློན་ཞིག་ལ་ཆིབས་པ་གུར་ནག་པོ་བསྐྱོན་ནས་ཁྱོད་སོང་ལ་དན་འབག་གི་ཐང་ལ་མི་ཆ་བྱད་མི་འདྲ་བ་གཉིས་འགྲོ་ཡིན་ཡོད་དེ་གཉིས་ནན་གྱིས་བོས་ལ་ཤོག་གསུངས་ནས། དེ་གཉིས་པོས་ནས་ཡོང་བ་དང༌། རྒྱལ་པོས་དེ་ལ་ལིའི་སྐད་དུ་སྨྲས་ཏེ། ཁྱོད་གཉིས་ཅི་བྱེད་དུ་འོངས། གཏད་ས་ཅི་ཡོད་གསུངས་པས། འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ནས་སྤྱན་རས་གཟིགས་དབང་ཕྱུག་ད་ལྟ་བོད་ན་རྒྱལ་པོ་བྱེད་ཀྱི་ཡོད་དེར་སོང་ཟེར་འོངས་ལགས། སྤྱན་རས་གཟིགས་བདུད་དུ་གྱུར་བྱ་བའི་རྔན་ཆོས་མང་པོ་སྨྲས་པས། རྒྱལ་པོ་ན་རེ། འོ་ན་ཁྱེད་ངའི་དབུའི་ཨ་མི་དེ་བ་ལྟ་བར་འདོད་དམ་གསུངས་པས། དེ་ལྟ་བར་འདོད་འཚལ་བྱས་པས། ལྷ་སའི་ནེའུ་ཆུང་བྱེ་མའི་གླིང་དུ་ཁྲིད་ནས་དབུ་ཐོད་ཕུད་ནས་ཨ་མི་དེ་བ་དེ་གཉིས་ལ་བསྟན་པས་ཡིད་ཆེས་ཏེ། འོ་ན་མིག་འབྱིན་པ་དང༌། མགོ་འབྲེག་པ་དང༌། སྒྱིད་པ་གཅོད་པ་ལ་སོགས་པ་བྱེད་པ་ཇི་ལྟར་ལགས་ཞེས་ཞུས་པས། ངའི་འབངས་འཁོར་ནག་པོ་འདི་རྣམས་ཞི་བས་མི་འཐུལ་བར་སྤྲུལ་པ་བྱས་ནས་དྲག་པོས་འདུལ་བའི་ཚུལ་བྱས་པ་ཡིན། ད་ཁྱོད་རང་མགོ་དང༌། མིག་དང༌། ཡན་ལག་བཅད་པ་ལ་སོགས་པ་སྤྲུལ་པ་ཡིན་པས་བལྟར་སོང་དང༌། ངས་ནི་རྒྱལ་སྲིད་བཟུང་ནས་སེམས་ཅན་ལའང་གནོད་ལཔ་བྱེད་མ་མྱོང་གསུངས་པས། ཁོང་གཉིས་ཀྱིས་བལྟར་ཕྱིན་པས། མགོ་དང་ཡན་ལག་བཅད་པའི་ཕུང་པོ་རྣམས་རྡོ་དང་གཡམ་པ་ལ་སོགས་པར་སོང་འདུག་པས། དེ་སྤྲུལ་པ་ཡིན་པར་ཤེས་ནས་ཁོང་གཉིས་སྐྱེངས་སོ། །རྒྱལ་པོས་གཉིས་ལ་དངོས་གྲུབ་ཅི་འདོད་སྦྱིན་ནོ་གསུངས་པས། ཁོ་བོ་ཅག་གཉིས་ལ་གཞན་ཅི་ཡང་མི་འཚལ་ཏེ། སླར་ལི་ཡུལ་དུ་འགྲོ་བར་འཚལ་ཞེས་ཞུས་པས། འོ་ན་ཁྱེད་གཉིས་བྱེ་མ་བྲེ་རེ་ཐུ་བར་ཐུམས་ལ་མགོ་བོ་ངའི་སྤུས་མོ་ལ་སྔས་གྱིས་ཤིག་གསུངས། དེ་སྐད་ཉན་ནས་བྱས་པས་དེ་གཉིས་ཀྱི་གདོང་ལ་ཕྱག་གིས་བྱིལ་བྱིལ་བྱས་པས་བྱེ་མ་གསེར་དུ་བསྒྱུར་ཐུ་བར་བཟུང་གདའ། དེ་ནས་སྐད་ཅིག་ལ་ལི་ཡུལ་དུ་ཕྱིན་པ་ལིའི་ལུང་བསྟན་ཆེན་པོ་ནས་ལུང་དེ་སྐད་བསྟན་གདའ་བྱས་པས། དེར་བློན་པོ་ཐམས་ཅད་ཡིད་ཆེས་ཏེ་ཐམས་ཅད་གྲོས་བྱས་ནས་ཕྱི་རབས་པ་རྣམས་ཀྱི་དོན་དུ་རྒྱལ་པོ་ལོ་བརྒྱད་ཅུ་རྩ་བཞི་ལ་སྐུ་འདས། ལི་ཡུལ་གྱི་ཟ་མོ་རར་སྐུ་གཤེགས་བྱས་ནས་སྟག་སྒྲོ་གསེར་གྱིས་བཀང་ཞིང་རྟ་ལ་བཀལ་ནས་མང་སོར་བཞུགས། བོད་ཀྱི་བློན་པོ་དང་གྲོང་ཁྱེར་བ་ན་རེ། འོད་ཟེར་གྱིས་ར་སའི་ཕྱི་ནང་ཐམས་ཅད་ཁྱབ་པ་ནི་ར་སའི་གཙུག་ལག་ཁང་ལ་ཐིམ་ནས་བཞུགས་པར་ཁ་འཆམས། དགའ་སྟོན་ཆེན་པོ་ཡང་བྱས་སོ། །དེའི་དུས་སུ་རྒྱལ་བློན་རྣམས་གླེང་བླངས།