ལྷ་གཅིག་ཀོང་ཇོའི་རྒྱ་ནག་གི་གཙུག་ལག་གི་རྩིས་འདི་ངོ་མཚར་ཆེ། བུད་མེད་ཀྱི་ཡོན་ཏན་ཡིན་པས་རྩིས་ལ་རྒྱ་མ་ཆོད་པ་ཡོད་དམ་སྙམ་ནས་རྒྱལ་བློན་རྣམས་གྲོས་བྱས་པའི་ལོ་ཙཱ་བ་ཕོ་ཉར་བརྫངས་ཏེ། ལྷ་གཅིག་ཀོང་ཇོའི་ཡབ་རྒྱལ་པོར་བླར་རྩིས་ལ་མཁས་པ་གཅིག་བོད་དུ་བརྫངས་པར་ཞུ་བྱ་བའི་ཞུ་བ་བཏང་བས། དེ་རྗེས་བོད་ལ་རྒྱལ་པོའི་བླ་རྩིས་སུ་རྒྱ་གཡུ་བཞེར་བཙན་པ་ཞེས་བྱ་བ་བརྫངས་ནས་བཏང་སྟེ་བོད་དུ་ཡོང་བས། བོད་རྒྱལ་པོའི་བླར་རྩིས་པ་བྱས་སོ། །རྒྱ་རྩིས་དེ་ལྟར་དར་བར་བྱས་སོ། །དེ་ནས་རྒྱ་ནག་གི་ཡུལ་དུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གྲོངས་བྱས་པ་དང༌། དབོན་སྲས་བྱོན་པ་དང༌། ལྷ་གཅིག་ཀོང་ཇོ་གྲོངས་བྱ་བ་ཐོས་ནས། ད་གསེར་གྱི་ལྷ་ཤཱཀྱ་མུ་ནེ་སླར་རྒྱ་ཡུལ་དུ་སྤྱན་འདྲེན། མིར་སྐྱེས་པ་ཐམས་ཅད་ཆམ་ལ་འབེབས་པ་ཟེར་ནས་དམག་གི་གྲངས་གྲབས་བྱས་པས། བོད་ཀྱིས་རྒྱའི་སོ་སོ་ཁ་བསྲུངས་པར་བས་ཐོས་ནས། ཡུལ་དབུས་སུ་ཕོ་ཉ་བཏང་སྟེ་ས་ཐག་རིང་པོའི་ཟློ་ཐོས་ཕྲིན་དུ་སྤྲིངས་པ། བོད་དུ་རྒྱའི་དམག་འདྲེན། གསེར་གྱི་ཤཱ་ཀྱང་མུ་ནེ་སླར་རྒྱ་ཡུལ་དུ་སྤྱན་འདྲེན། བོད་ཆམ་ལ་འབེབས་ཟེར་བས། ངེད་ཀྱི་རྒྱལ་པོ་ཁ་ངེད་ཀྱིས་རྒྱའི་སོ་ཁ་ཐུབ་ཐུབ་མི་འདྲའོ། །བོད་ཀྱི་བླ་བློན་རྣམས་འདུན་མ་མ་ཆུང་ཞིག་ཟེར་བ་བྱུང་བ་དང༌། བློན་པོ་རྣམས་གྲོས་བྱས་ཏེ་ར་སའི་ཇོ་མོ་མི་བསྐྱོད་རྡོ་རྗེ་དང༌། ར་མོ་ཆེའི་ཇོ་བོ་ཤཱཀྱ་མུ་ནེ་ལྷ་བརྗེས་ན་གྲགས་དྲག་ཟེར་བར་འཆམས་ཏེ། ཤཱཀྱ་མུ་ནེ་མི་བཞིས་བཏེགས་ཏེ་ར་མོ་ཆེ་ནས་ཕག་གདོང་ན་མར་ཆུ་ལ་སྤྱན་དྲངས་ར་ས་འཕྲུལ་སྣང་དུ་བཞུགས། སོ་ཕག་གིས་ལེགས་བརྩིགས་ཏེ་མི་མངོན་པར་བཞུགས་སུ་བཅུག དེའི་སྒོ་གདོང་ལ་འཕགས་པ་འཇམ་དཔལ་གྱི་སྐུ་གཅིག་བྲིས་ནས་བཞག་གོ། །བཀའ་ཆེམས་ཀྱི་ཡི་གེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་མོ་ལ་སོགས་པ་མཐའ་འདུལ་གྱི་གཙུག་ལག་ཁང༌། ཡང་འདུལ་གྱི་གཙུག་ལག་ཁང༌། མཐའ་ཡང་འདུལ་གྱི་གཙུག་ལག་ཁང་ལ་སོགས་པའི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པ་དང༌། ཇོ་བོ་ཤཱཀྱ་ཞལ་གཉིས་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ་དང༌། རང་བྱུང་ཙན་དན་གྱི་ཇོ་མོ་སྒྲོལ་མ་རྣམས་སྤྱན་ཇི་ལྟར་དྲངས་པ་དང༌། རྒྱལ་མེས་དབོན་རྣམས་ཀྱིས་དམ་པའི་ཆོས་ཀྱི་དབུ་བརྙེས་སྲོལ་བཏོད་པའི་ཆོས་འབྱུང་རྒྱས་པའོ། །རྒྱལ་པོ་སྲོང་བཙན་སྒམ་པོའི་སྲས་མང་སྲོང་མང་བཙན། རྒྱལ་པོ་དེ་དགོང་ལོ་བཅུ་དགུ་ལ་སྲས་གུང་སྲོང་གུང་བཙན་གཟིགས་ནས་ཡབ་འདས། མེས་ཀྱིས་རྒྱལ་སྲིད་བཟུང༌། དེའི་སྲས་འདུས་སྲོང་མང་པོ་རྗེ་གློང་ནམ་འཕྲུལ་གྱི་རྒྱལ་པོ་ཡབ་སྲས་དེ་རྣམས་ཀྱིས་ཀྱང༌། ཡབ་མེས་ཀྱི་སྲོལ་ཀ་བཟུང་ནས་གཙུག་ལག་ཁང་རེ་རེ་ཡང་བཞེངས། མངའ་ཐང་རྒྱལ་སྲིད་ཀྱང་ཇེ་ཆེར་སོང༌། དེའི་སྲས་ཁྲི་ལྡེ་གཙུག་བཙན་ཨག་ཚོམ་གྱི་རིང་ལ་བསམ་ཡས་ཀ་ཆུའི་གཙུག་ལག་ཁང་བཞེངས་ཏེ། ཕོ་བྲང་བཏབ། ལྷ་ཁང་བཞེངས་པ་ནི། འཆིང་བུ་མཆིམས་ཕུ་རྣམ་རལ་གླིང་གི་ཁྲི་རྩེ། བྲག་དམར་འགྲན་བཟང༌། མ་ས་གོང་གི་ལྷ་ཁང་དང༌། ལྷ་ས་སྐར་ཆུང་བཞེངས། སྲས་འཇམ་འཇང་ཚ་ལྷ་དབོན་ལ་རྒྱ་ནག་ཧོ་ནང་ཧུ་བྱ་བ་ནས་རྒྱ་ནག་པོའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བླངས་ནས་བོད་དུ་བྱོན་པ་ལ། རྒྱའི་བཀྲ་ཤིས་ཁྲི་སིང་ཁྲི་སྒོ་ནས་ཆས་ནས་བྱོན་དུས། དངུལ་དཀར་གྱི་མེ་ལོང་ཕྱིས་ནས་གཟིགས་པས། སྲས་རྒྱལ་བུ་འཇམ་འཇང་ཚ་ལྷ་དབོན་ཏེ་མི་བུ་མི་འདྲ་བ་ལྷའི་སྲས་འདྲ་བ་ཞིག་འདུག་པར་གཟིགས། རྒྱ་བོད་ས་མཚམས་སུ་བྱོན་དུས་དངུལ་དཀར་གྱི་མེ་ལོང་ཕྱིས་ནས་གཟིགས་པས། ལྷ་སྲས་འཇམ་འཇང་ཚ་ལྷ་དབོན་དེ་ཆིབས་རྟ་རྒྱུགས་པས་ཆིབས་ལས་ལྷུང་ནས་གྲོངས་པས། མེས་ཁྲི་ལྡེ་བཙུག་བཙན་ཨག་ཆོམ་བཞུགས་པ་གཟིགས་ཏེ། ཁ་ནིང་གི་ལྷ་སྲས་འཇམ་འཇང་ཚ་ལྷ་དབོན་དེ་མིའི་བུ་མི་འདྲ་ལྷའི་སྲས་འདྲ་བ་ལ། ད་ནི་ཡབ་བགྲེས་པོ་དབུ་སྐྲ་ཐམས་ཅད་དཀར་པོ། ཞལ་ཐམས་ཅད་ནི་སྨ་ར་དཀར་པོས་ཁེབས་པ། ཞལ་གང་ན་ཡོད་ངོ་མི་ཤེས་པ་དེ་འདྲ་བ་ཞིག་གཟིགས་པས། དེར་བྱད་དང་མེ་ལོང་གི་བལྟ་བྱ་ཡིན་ནམ་གསུངས་ནས་ཡར་བྱོན་ནས་སླེབས་ཙ་ན། སྲས་རྒྱ་བུ་གྲོངས་ནས་མི་བཞུགས་པས།