དེར་རྒྱལ་པོས་ལྷ་གཅིག་གྱིམ་ཤིང་ཀོང་ཇོ་ལ་འདམ་ཀ་གསུམ་གསུངས་པ་ནི། ཁྱོད་ཀྱི་ཁྱོ་རྒྱལ་བུ་ནི་རྟ་རྒྱུགས་པས་བསྣད་ནས་གྲོངས། ད་ཁྱོད་ས་ཐག་རིང་པོ་ནས་ཡོང་བས། ཡང་ན་ངེད་ཀྱི་བློན་པོ་རིགས་བཟང་བ་ནོར་ཆེ་བ། ཕོ་རྒོད་ལེགས་པ་གཅིག་ལ་སྡོད་དམ། ཡང་ན་ང་མི་རྒན་ལ་སྡོད་དམ། ཡང་ན་རྒྱའི་ཡུལ་དུ་འགྲོ། རྒྱའི་ཡུལ་དུ་ལྡོག་ན་ནི་ངས་རྫོངས་ཆེན་པོ་བྱས་པ་གཏོང་གསུངས་པས། ལྷ་གཅིག་ཀོང་ཇོས་རྒྱལ་པོ་མེས་ཨག་ཚོམ་རང་ལ་སྡོད་པར་བདམས་སོ།།
མངའ་ཐང་ཡང་ཇེ་ཆེར་སོང༌། ཨག་ཚོམ་གྱི་རིང་ལ་བླ་མཆོད་དུ་རྒྱ་ནག་ཧ་ཤང་སྤྱན་དྲངས་ལྷ་ཁང་བཞེངས་པ་ནི། ལྷ་ས་མཁར་བྲག བྲག་དམར་འགྲན་བཟང༌། ཀ་ཆུ། འཆིངས་མཆིམས་ཕུ་གནམ་རལ། གླིང་གི་ཁྲི་རྩེ་དང་ལྔ་བཞེངས། ཁྲི་རྩེ་མདོ་ཁམས་སུ་བཞེངས། དབུས་གཙང་དུ་བཞིའོ། །དེར་ཡབ་ཀྱི་བློན་པོ་མཆིམས་ཁྲི་ཐོག་རྗེ་འབར་དང༌། ཅོག་རོ་སྐྱེས་བཟང་རྒྱལ་དང༌། སྣ་ནམ་གྱི་ཞང་ཁྲོམ་པ་སྐྱེས་དང་གསུམ་གྱིས་ཆོས་རྣམས་བསྣུབས། ཀ་ཆུ་དང་མཁར་བྲག་གི་ལྷ་ཁང་བཤིག དེ་གསུམ་ལ་དཀོན་མཆོག་གི་བཀའ་ཆད་བྱུང་སྟེ། རྒྱལ་པོ་ཆོས་ལ་དད་པ་སྐྱེས། དེར་འབངས་བློན་པོ་རྣམས་ཀྱང་བློ་འགྱུར། སྦས་གསལ་སྣང་མང་ཡུལ་གྱི་ཁ་བློན་ལ་བཏང་བ་ལྟར་བྱས་ནས་ལོ་ཙཱ་བསླབས་ཏེ། སློབ་དཔོན་བྷོ་དྷི་ས་ཏྭ་ཤན་ཏ་རཀྵི་ཏ་སྤྱན་དྲངས། དེ་ཚུན་ཆད་སླར་ཆོས་བྱས་ཏེ། ་དཀོན་མཆོག་གསུམ་གྱི་རྟེན་བཙུགས། རྒྱ་དཀར་ནག་གི་ལོ་ཙཱ་མཁས་པ་མང་པོ་སྤྱན་དྲངས། གླེགས་བམ་མང་པོ་བསྒྱུར། སད་མི་མི་བདུན་ལ་སོགས་པ་བརྒྱ་བཞི་བཅུ་རབ་ཏུ་བྱུང་སྟེ་བཙུན་པར་བཅུག ཆོས་གྲ་ཆེན་པོ་བཙུགས། ཆོས་གཙིགས་ཀྱི་རྡོ་རིང་ཆེན་པོ་བསྣན། སྒྲོམ་བཅུ་གསུམ་གཙིགས་ཀྱི་ཡི་གེ་བསྣན། དེར་མེས་ཨག་ཚོམ་གྱིས་རྒྱའི་ལྷ་སྲས་གྱིམ་ཤིང་ཀོང་ཇོ་བཞེས་པ་ལ་སྲས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གཟིགས་སོ། །འདི་ནི་ས་བཅུའི་དབང་ཕྱུག་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཏེ། འདིའི་རིང་ལ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། དེའི་ལོ་རྒྱུས་ནི་འཕགས་པ་འཇམ་དཔལ་གྱིས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་དམ་པའི་ཆོས་དར་ཞིང་རྒྱས་པར་བྱ་བའི་ཕྱིར། དེ་ཡང་རྒྱལ་པོ་དབང་ཆེ་གཅིག་ཏུ་སྤྲུལ་ནས་མངའ་འོག་ཏུ་བསྡུས་ཏེ། སེམས་ཅན་གྱི་དོན་རྒྱ་ཆེན་པོ་དང་བོད་ཁ་བ་ཅན་ལ་དོན་བྱེད་ནུས་པར་དགོངས་ནས། རྒྱ་ནག་རི་བོ་རྩེ་ལྔ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས། བོད་ཡུལ་གྱི་རྒྱལ་པོ་ཁྲི་ལྡེ་གཙུག་བཙན་བྱ་བའི་བཀའ་འོག་ཏུ་འདུག་པར་གཟིགས་སོ། །དེར་རྒྱལ་པོ་ཁྲི་སྲོང་ལྡེ་གཙུག་བཙན་དང༌། གྱིམ་ཤིང་ཀོང་ཇོ་གཉིས་ཕོ་བྲང་བྲག་དམར་ན་རིན་པོ་ཆེའི་ཁྲི་སྟེང་ན་གཟིམས་ནས་བཞུགས་པ་ལ་འཕགས་པ་འཇམ་དཔལ་གྱི་ཐུགས་ཁ་ནས་འོད་ཟེར་སྣ་ལྔའི་སྣ་ལ། གསེར་གྱི་ཁྱེའུ་ཆུང་ཚོན་གང་བ་ཞིག་གྱིམ་ཤིང་ཀོང་ཇོའི་མངལ་དུ་སྤྲོས་ནས་ཞུགས་པ་ལས། དེར་ཡང་ཡུམ་གྱི་མནལ་ལམ་ན་ཤར་ཕྱོགས་ནས་འོད་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་ནས་མངལ་དུ་ཞུགས་པ་རྨིས། ཚུལ་དེ་ལྟ་བུ་ཡབ་རྒྱལ་པོ་ལ་སྨྲས་པས། བར་སྣང་གི་ལྷ་ཕྲན་ཞིག་རང་རེའི་བུར་འོང་བ་ཡིན་ཏེ་ཡོང་གསུངས་སོ། །རྨི་ལམ་དེ་ཤིན་ཏུ་བཟང་གསུངས་ནས་ཡབ་རྒྱལ་པོ་ཤིན་ཏུ་དགྱེས་སོ། །དེ་ནས་ཡུམ་ལུས་མི་བདེ་བ་གང་ཡང་མེད་པར་འགུལ་བ་དང་འཕར་བ་དང་འཕྲིག་པ་ལ་སོགས་པ་བྱུང་བ་དང༌། ཤེས་པ་གསལ་བ། ལུས་ཡང་བ། བདེ་བ། ཉོན་མོངས་མི་སྐྱེ་བར་གྱུར་ཏོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་ཡུམ་ལ་ན་ཚ་མེད་པར་ཕོ་བྲང་བྲག་དམར་དུ་སྲས་ཁྲི་སོང་ལྡེ་བཙན་སྐུ་བལྟམས་སོ། །དེ་ཡང་ཚེམས་དུང་སོ་འཁོར་བ་ཡོད་པ། དབུ་སྐྲ་མཐོན་མཐིང་གཡས་སུ་འཁྱིལ་བ་ཤིན་ཏུ་མཛེས་པ་ལྷའི་སྲས་ལྟ་བུ་ཞིག་འཁྲུངས་སོ། །རྟའི་ལོ་དཔྱིད་ཟླ་ར་བའི་ཚེ་སྐར་མ་རྒྱལ་གྱི་ནམ་ལངས་ཉི་མ་ཤར་བ་ལ་སྐུ་འཁྲུངས། མཚན་ནི་ཁྲི་སྲོང་ལྡེའུ་བཙན་དུ་གསོལ་ལོ། །དེ་ནས་རྒྱལ་བུ་དགུང་ལོ་ལྔ་ལོན་པ་ན་སྣ་ནམ་ཞང་ཁྲོམ་པ་སྐྱེས་དང༌། སྣ་ནམ་པ་རྣམས་རྒྱལ་བུ་ཁྲི་སྲོང་ལྡེ་བཙན་ངེད་ཀྱི་ཚ་བོ་ཡིན་ཟེར་ནས་རྒྱ་མོ་ལ་དབང་ཆེ་བྱས། རྒྱལ་བུ་འཕྲོག་ཏུ་བྱུང་བ་ལ། དེར་རྒྱལ་བློན་ཀུན་ཉི་མ་གཅིག་ཐམས་ཅད་ཚོགས་ནས་དགའ་སྟོན་ཆེན་པོ་བྱས་ནས།