R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
སྲས་རྒྱལ་བུ་ལ་ཁྱེད་ཀྱི་མ་རྒྱ་མོ་ཡིན་ནམ། སྣ་ནམ་པའི་སྲས་ཡིན་ངོས་འཛིན་ཏུ་བཅུག་པ་ལས། སྲས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ན་རེ། གྲལ་རིམ་གྱིས་ཕྱག་གཡས་པ་གདེངས་ནས། ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལ། །སྣ་ནམ་ཞང་གིས་ཅི་ཞིག་བགྱི། །ཞེས་གྲལ་རིམ་གྱིས་བསྒྲགས་སོ། །དེ་ནས་རིག་པའི་གནས་ཐམས་ཅད་མཁྱེན་ཅིང་དགུང་ལོ་བཅུ་གསུམ་ལོན་པ་དང་ཡབ་ཁྲི་ལྡེ་གཙུག་བཙན་དགུང་དུ་གཤེགས་སོ། །དེར་སྲས་རྒྱལ་བུ་ཁྲི་སྲོང་ལྡེ་བཙན་རྒྱལ་པོར་མངའ་གསོལ་ལོ། །ཇོ་མོ་གསུམ་ཁབ་ཏུ་བཞེས་པ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང༌། ཕོ་ཡོང་བཟའ་རྒྱལ་མོ་བཙུན་དང༌། འབྲོམ་བཟའ་བྱང་ཆུབ་སྨན་དང་གསུམ་ལགས་སོ། །དེ་ནས་ལོ་བདུན་འབངས་དང་སོ་ཚིགས་ཕྱིའི་སོ་ཁ་སྲུང་བ་དང༌། ནང་གི་སོ་ཚིགས་མཛད་ཅིང་རྒྱལ་སྲིད་བསྐྱངས་སོ། །དེ་ནས་ལོ་ཉི་ཤུ་གླང་གི་ལོ་ལ་དམ་པའི་ཆོས་བྱ་བའི་ཐུགས་དགོངས་སྐྱེས་ཏེ། སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་བོད་མུན་པའི་སྨག་རུམ་འདྲ་བ་ལ། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དམ་པའི་ཆོས་བསྒྱུར། བལ་ཡུལ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ་དང༌། རང་བྱུང་ཙན་དན་གྱི་ཇོ་མོ་སྒྲོལ་མ་དང༌། རྒྱ་ནག་ནས་གསེར་གྱི་ལྷ་ཤཱཀྱ་མུ་ནེ་གདན་དྲངས། དམ་པའི་ཆོས་ཀྱི་སྲོལ་བཏོད། བོད་ཁ་བ་ཅན་གྱི་དོན་མཛད་ཅིང་བཀའ་དྲིན་ཆེ་བ་ལགས་པར་གདའ། ད་ནི་ངས་ཀྱང་དམ་པའི་ཆོས་བྱས་ལ་དར་ཞིང་རྒྱས་པར་བྱ་སྙམ་པའི་ཐུགས་དགོངས་སྐྱེས་ནས། དང་ཐོག་མར་དཀོན་མཆོག་གི་རྟེན་ཞིག་བཞེངས་དགོས་པར་དགོངས་ཀྱང༌། བློན་པོ་རྣམས་གདུག་པ་ཆེ་ཞིང་ཆོས་ལ་ཤིན་ཏུ་གནག་པ་ལས། དེ་ལ་ཐབས་ཇི་ལྟ་བུའི་སྒོ་ནས་མཛད་པ་ནི་རྒྱལ་བློན་ཐམས་ཅད་ལ་དགའ་སྟོན་རྒྱ་ཆེན་པོ་མཛད། སྔོན་རྒྱལ་མེས་དབོན་རྣམ་གཉིས་ཀྱི་མཛད་སྲོལ་ལས་ཐབས་ཇི་ལྟར་བྱས་པ་ལས་གླེངས་ཏེ། ལས་ཐབས་ཇི་ལྟར་བྱ་བ་དང༌། རྒྱལ་ཁྲིམས་ཆོས་ཁྲིམས་ཇི་ལྟར་བྱ་བའི་བྱ་ལུགས་གླེངས་པ་ལ། རྒྱལ་པོས་བློན་པོ་རྣམས་ལ་འདམ་ཀ་བཏང་བ་ནི། ཤར་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བའི་རྩེ་མོར་ཤེལ་གྱི་མཁར་ཞང་པོ་རྒྱལ་ཡུལ་མཐོང་བ་ཞིག་བརྩིག་དང་གཅིག་གཡས་རུ་གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་དང་གཉིས། ཤོད་ཀྱི་ཇེ་མ་བྲེས་འཇལ་དང་གསུམ། ཧས་པོ་རི་ཟངས་ཀྱིས་ཕུར་ཕུབ་ནས་གཟེར་ཐམས་ཅད་ཀྱི་མགོ་ནང་དུ་བསྟན་པ་བྱེད་དང་བཞི། འབལ་མོ་གྲོག་པོ་གསེར་གྱིས་འགེངས་དང་ལྔ༌། ཡོམ་འབོག་གི་ཐང་ལ་ལྷ་ཁང་སྤ་རུ་ཙམ་ཞིག་བཞེངས་དང་དྲུག་འདམ་ཀ་བཏང་བ་ལས། བློན་པོ་རྣམས་ཆོས་ལ་གནག་ཅིང་ལྷ་ཁང་དཀོན་མཆོག་གི་རྟེན་བཞེངས་པར་མི་སྤྲོ་མོད་ཀྱི། གཞན་རྣམས་མི་འགྲུབ་པའི་སྟོབས་ཀྱིས་ལྷ་ཁང་རྩིག་པར་འཆམས་སོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ་ངའི་ཐུགས་དམ་གཙུག་ལག་ཁང་འགྲོ་བ་སེམས་ཅན་གྱི་འདྲེན་པ་དམ་པ་གཅིག་བཞེངས་པ་དཔེ་ཇི་ལྟ་བུ་ཞིག་ལ་བླངས་ནས་བཞེངས་སྙམ་པ་དང༌། དེར་མཁན་པོ་བྷོ་དྷི་ས་ཏྭ་དང་རྒྱལ་པོ་གཉིས་གླེངས་པས། མཁན་པོའི་ཞལ་ནས་རོ་ལངས་གསེར་གྱི་སྒྲུབ་པ་བྱེད་པའི་ཕྱི་པ་མུ་སྟེགས་པའི་ལྟ་བ་འཛིན་པ་གཅིག་གིས། རོ་སྒྲུབ་བྱས་པས་རོ་གྲུབ་པ་དང༌། རོ་དེ་གསེར་དུ་འགྲོ་བ་ལ། དེའི་ལྕེ་དེ་ཤེས་རབ་ཀྱི་རལ་གྲིར་སོང་ནས། དེའི་ཡུ་བ་ནས་བཟུང་བས་ནམ་མཁའ། བར་སྣང༌། ས་གཞི། གླིང་གཞན་གར་ཡང་ཐོགས་པ་མེད་པར་འགྲོ་བས། དེ་བསྒྲུབས་ཏེ་གླིང་བཞི་ཐམས་ཅད་ལ་བལྟས་ནས། གང་ལེགས་པའི་བཀོད་པ་བླངས་ནས་དེ་ལྟར་དཔེ་བྱས་ཏེ་བཞེངས་པ་འཐད་གསུངས་པས། དེ་དགེ་ཚུལ་གཅིག་གིས་མུ་སྟེགས་རོ་སྒྲུབ་བྱེད་པ་དེ་ལ་གྲོགས་པོར་ཆགས་དེ་བྱ་དགའ་བྱིན་ནས། རོ་ལངས་ལ་དགེ་ཚུལ་དེས་འཛིངས་པས་རོ་དའེི་ལྕེ་དགེ་ཚུལ་དེའི་སོས་ཟིན་པར་བྱུང་བས། དེ་ཤེས་རབ་ཀྱི་རལ་གྲིར་སོང་བའི་ཡུ་བ་ནས་དགེ་ཚུལ་གྱིས་བཟུང་སྟེ། ནམ་མཁའ་ལ་ཐོགས་པ་མེད་པར་སོང་བའི་ཡུ་བ་ནས་དགེ་ཚུལ་གྱིས་བཟུང་སྟེ། ནམ་མཁའ་ལ་ཐོགས་པ་མེད་པར་སོང་བ་ལས་གླིང་བཞི་བྱེ་བ་ཕྲག་བརྒྱ་ཐམས་ཅད་བལྟས་ནས། རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་གྱི་གཙུག་ལག་ཁང་ལ་དཔེ་བྱས་ནས་བཞེངས་པ་ལ། དེའི་ས་གཞི་མཁན་པོ་བྷོ་དྷི་ས་ཏྭ་ཤན་ར་རཀྵི་ཏས་བྱིན་གྱིས་བརླབས་ཏེ།