།སྲོག་གི་སྙིང་པོ་ཕུལ་ཏེ་མིང་ཡང་བྱང་གི་ཀྱིན་འཐིང་ལ་རོ་སྨན་དུ་བཏགས་སོ། །དེ་ནས་སྟོད་ལུངས་བྲམ་བུའི་ཚལ་དུ་བྱོན་ཏེ། ཁ་ལ་བྲག་རིར་དགུང་གཅིག་ཏུ་བཞུགས་ནས་བཙན་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་མ་ཟམ་ཕུག་ཏུ་བཞུགས་ནས་བདུད་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་གཡའ་རི་གོང་དུ་བཞུགས་ནས་རྒྱལ་འགོང་དང་ཐེའུ་རང་ཐམས་ཅད་དལ་ལ་བཏགས་སོ། །དེ་ནས་བསམ་ཡས་ཧས་པོ་རིར་བྱོན་པ་དང༌། བོད་ཀྱི་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་རྒྱལ་བློན་ཀུན་གྱིས་བསུ་བ་ལ་བྱོན་པ་ལས། དེར་རྒྱལ་པོ་རྗེ་འབངས་ཀྱི་ཐུགས་དགོངས་ལ་ང་ས་བདག་རྒྱལ་པོ་ཡིན། རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀྱི་བདག་པོ་ང་ཡིན་པས་སློབ་དཔོན་གྱིས་ང་ལ་ཕྱག་བྱེད་སྙམ། སློབ་དཔོན་གྱི་ཐུགས་དགོངས་ལ་ང་སྤྲུལ་པའི་སྐུ་ཡང་ཡིན། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཚེའི་རིག་འཛིན་བརྙེས་པ་ཡིན། རྒྱལ་པོས་ང་ལ་ཕྱག་བྱེད་སྙམ་པས་ཕྱག་ལ་མ་འདུམ་པས། དེ་ལ་སློབ་དཔོན་གྱིས་ང་ཆེ་ང་བཙན་མགུར་བཞེས་པ། ཁམས་གསུམ་སེམས་ཅན་གནས་ཡིན། །ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་ཡོད། །སྣང་སྲིད་འཁོར་འདས་ཀྱི་དཔེ་ཆ་ལ། །དྲང་དོན་ངེས་དོན་གྱི་བཤད་པ་བྱེད། །ང་དགེ་བཤེས་པད་མ་འབྱུང་གནས་ཡིན། །འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་བདོག །སེམས་ཉིད་རྣལ་མའི་ཤོག་བུ་ལ། །སྒྲ་ཚིག་དང་བྲལ་བའི་ཡི་གེ་བྲིས། །ང་ཡིག་མཁན་པད་མ་འབྱུང་གནས་ཡིན། །ཆོས་ཡི་གེ་མེད་པའི་གདམས་ངག་བདོག །འདི་ལྟར་གནང་བའི་གྱང་ལོགས་ལ། །དོན་གཉིས་སུ་མེད་པའི་རི་མོ་བྲིས། །ང་ལྷ་བཟོ་པད་མ་འབྱུང་ནས་ཡིན། །སྣང་སྟོང་གསལ་བའི་གདམས་ངག་བདོག །མི་དུག་ལྔའི་ནད་ཀྱིས་གཟིར་བ་ལ། །ཟག་མེད་སྨན་གྱིས་གསོ་བར་བྱེད། །ང་སྨན་པ་པད་མ་འབྱུང་གནས་ཡིན། །བདུད་རྩི་འཆི་སོས་ཀྱི་གདམས་ངག་བདོག །མི་དད་པ་བསྐྱེད་པའི་འདུན་མ་བྱས། །མི་ཚེ་ཕྱི་མའི་བདེ་སྐྱིད་བྱས། །ང་གཙོ་པ་པད་མ་འབྱུང་གནས་ཡིན། །འཁོར་བ་རྩད་གཅོད་ཀྱི་གདམས་ངག་བདོག །ཤེས་རབ་སྙིང་རྗེའི་གོ་མཚོན་ཐོགས། །རྣམ་རྟོག་ལོགས་ལྟའི་དགྲ་བོ་བཏུལ། །ང་དཔའ་བོ་པད་མ་འབྱུང་གནས་ཡིན། །འཁོར་བ་གཡལ་བཟློག་གི་གདམས་ངག་བདོག །དུག་ལྔ་གདོན་ལྔ་དགྲར་ལངས་ཀྱང༌། །ཡེ་ཤེས་ལྔའི་དབྱིངས་སུ་བརྒྱབ། །ང་མཐུ་ཆེན་པད་མ་འབྱུང་གནས་ཡིན། །དུག་ལྔ་རྩད་གཅོད་ཀྱི་གདམས་ངག་བདོག །ཁྱེད་གདོང་དམར་སྲིན་པོ་བོད་ཀྱི་རྗེ། །འཇིག་རྟེན་དྲེགས་པའི་ཁེངས་སེམས་ཅན། །ང་རྒྱལ་འཁོར་བར་སྐྱེ་བའི་རྒྱུ། །ཉོན་མོངས་དུག་ལྔའི་རྒྱན་གྱིས་བརྒྱན། །བོད་ཀྱི་མངའ་བདག་ལྷ་སྲས་ལ། །ཁྱེད་མངའ་ཐང་ཆེ་བ་གློ་བ་དགའ། །རྒྱལ་པོ་ཉིད་ལ་ཕྱག་མི་འཚལ། །རྒྱལ་པོའི་ན་བཟའ་བཞེས་ཕྱག་འཚལ། །ཞེས་གསུངས་ནས་ཕྱག་གཡས་པ་དེང་མཛད་པས་རྒྱལ་པོའི་ན་བཟའ་ཕྱག་གི་འོད་ཟེར་གྱི་ཟུལ་རྩེར་ཚིགས་ནས་རྒྱལ་བློན་རྣམས་བྲེད་དེ་རྒྱལ་པོས་ཡབ་ཀྱིས་ཕྱག་འཚལ་ལོ། །དེ་ནས་སློབ་དཔོན་ཕོ་བྲང་དུ་སྤྱན་དྲངས་ནས་གསེར་ཁྲི་ལ་བཞུགས་སུ་གསོལ། ཞལ་སྐྱེམས་དང་བཤོས་དང༌། འཇིག་རྟེན་གྱི་ཞལ་ཟས་སྣ་ཚོགས་དྲངས་སོ། །ཟ་འོག་གི་སྨུག་བེར་སྐུ་ལ་གསོལ། རྒྱལ་པོས་ཕྱག་རྟེན་དང་བཅས་ནས་ཞུས་པ། ཨེ་མ། ན་མོ་མ་ཧཱ་གུ་རུ་རིན་པོ་ཆེ། །བདག་ནི་གདོང་དམར་སྲིན་པོ་བོད་ཀྱི་རྗེ། །བོད་ཀྱི་མི་ནི་གདུལ་བར་དཀའ། །དམ་པའི་ཆོས་ཀྱི་རྟེན་གཅིག་འཛུགས། །སློབ་དཔོན་སྤྲུལ་པའི་སྐུ་བཞུགས་པས། །མ་རུང་ལྷ་སྲིན་འདུལ་དུ་གསོལ། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཞུ་བ་ཕུལ་བས། སློབ་དཔོན་གྱི་ཞལ་ནས། བོད་ཀྱི་མངའ་བདག་རྒྱལ་པོ་ལགས། །བོད་འདི་གནོད་སྦྱིན་ཕོ་མོའི་ཡུལ། །གནོད་སྦྱིན་ལྷ་སྲིན་དམ་ལ་བཏགས། །འདི་ན་བོད་ཀྱི་ཀླུ་རྒྱལ་ཡོད། །གསུངས་ནས། ཀླུ་གདུག་པ་ཅན་དེ་ལ་ཀླུ་གཏེར་འཇུག་དགོས་གསུངས་ཏེ། དེ་ནས་མལ་གྲོའི་མདར་བྱོན་ནས་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་མཛད། །དཔལ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཞལ་ཕྱེ་ནས་མངའ་བདག་རྗེ་འབངས་ཀྱི་སྒྲིབ་པ་སྦྱངས་སོ། །དེ་ནས་མལ་གྲོ་གཟི་ཆེན་ལ་ཀླུ་གཏེར་བཅུག་པས་བླང་བའི་ཆོ་ག་མཛད་དོ། །དེ་ནས་ཧས་པོ་རིར་བྱོན་ཏེ་ཆབ་གཏོར་གཟིའི་ཕོར་པ་གང་ལ་བརྟེན་ནས། ཏིང་ངེ་འཛིན་གྱིས་བསྐྱེད་ནས་བྱིན་གྱིས་བརླབས་ཏེ།