R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
སློབ་དཔོན་གྱིས་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་ལཔའི་ཕྱག་རྒྱ་མཛད་ནས་མགུར་བཞེས་པ། ཧཱུྃ་ང་ནི་པད་མ་འབྱུང་གནས་ཏེ། །མངལ་གྱི་དྲི་མས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན། །ལུས་ལ་གནོད་པས་མི་ཚུགས་རྒྱུ་ལུས་རྣམ་པར་དག །ཡོ་ག་ཚེ་ཡི་རིག་འཛིན་གྲུབ་པ་བརྙེས། །ངའི་ལུས་ངག་ཡིད་གསུམ་ལྷ་རུ་གསལ། །འཇིག་རྟེན་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན། །འཇིག་རྟེན་ལྷ་སྲིན་དྲེགས་པས་སྡིགས་སུ་མེད། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ། །འབྱུང་ཆེན་བཞི་པོ་ཤོང་ཡང་ཤོང༌། །ཤོང་ཡང་ཤོང་དེ་ཡངས་ཀྱང་ཡངས། །སེམས་ཉིད་སྟོང་པ་དམིགས་མེད་ལ། །ལྷ་ཡང་མེད་དེ་འདྲེ་ཡང་མེད། །ང་ལ་ཆོ་འཕྲུལ་ཅི་བསྟན་ཡང༌། །ང་ལ་གནོད་པ་རྡུལ་ཙམ་མེད། །མཆོད་སྦྱིན་གཏོར་མ་རྒྱ་ཆེ་འདི། །མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད། །སོ་སོར་ཐོབ་པ་སྔགས་ཀྱིས་བྱས། །ཕྱག་རྒྱས་འཐབ་རྩོད་རྒྱལ་ཕམ་མེད། །ཚིགས་བཅད་བདེན་པས་བཀྲམ་སྟེ་བསྔོ༌། །འདི་ཞེས་ས་གཞི་གནང་བ་བྱིན། །ཁྲི་སྲོང་ལྡེ་བཙན་བསམ་པ་སྒྲུབ། །སྔགས་འཆང་ངའི་བཀའ་མ་གཅོག །གུམ་གུམ་ཆུམ་ཆུམ་ལས་ལ་ཆུམས། །ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས། །ལས་ལ་འདུས་ཤིག་ལྷ་འདྲེ་རྣམས། །ཞེས་གསུངས་ནས་མཆོད་སྦྱིན་རྒྱ་ཆེན་པོ་མང་པོར་བསྔོས་ཏེ་བྱིན་པས། ལྷ་འདྲེ་ཐམས་ཅད་སློབ་དཔོན་གྱི་བཀའ་འོག་ཏུ་འདུས་པས། རྨ་ཆེན་སྤོམ་ར་ཡོང་དུ་མ་ཉན་ནས། བདག་ནི་དབྱར་ཁམས་ཤིན་ཏུ་ཆེ་བ་གཅིག་ལགས་ན་བན་ཆུང་ཁྱེད་ཀྱི་བཀའ་ནན་ཆེ་བས་མི་ཡོང་དུ་མ་བཏུབ་པས་འོངས་ཀྱིས། ད་བཀའ་ཅི་སྩོལ་ཞེས་སྨྲས་པས། སློབ་དཔོན་གྱིས་ཁོ་ལ་ཆབ་གཏོར་རྒྱ་ཆེན་པོ་འདི་འཁྱེར་ལ་མངའ་བདག་གི་འདོད་པ་སྒྲུབས་ཤིག བན་ཆུང་ངའི་བཀའ་མ་གཅོག་གསུངས་པས། བཀའ་བསྩལ་པ་གཞན་རྣམས་བགྱིད་ན། བདག་སྣ་ཐོང་ཅིག་ཏུ་ཆེ་བས་སྐམ་ཆས་གཅིག་ལ་དག་བས། ཟན་འཕྲུལ་བྲུལ་གྱི་མགོ་ལ་ཆུ་བླུག་པ་འདི་ཡི་འཚལ། སྟེར་སྣ་རྒྱ་ཆེ་ཞིང་ཡངས་པའི་མཆོད་སྦྱིན་བྱེད་ཅིག་ཅེས་མཆིས་ནས་རིན་པོ་ཆེ་གསེར་དངུལ་གྱི་སྣོད་དུ་རིན་པོ་ཆེ་བརྡར་ནས། ནམ་མཁའི་མཐའ་དང་མཉམ་པའི་མཆོད་སྦྱིན་དུ་བྱིན་གྱིས་བརླབས་ཏེ་བྱིན། ཁོའི་རྐང་པ་གཡས་པ་ཁམས་ཀྱི་གཡར་མོ་ཐང་ལ་བཞག རྐང་པ་གཡོན་པ་བསམ་ཡས་ཧས་པོ་རི་ལ་བཞག་སྟེ། ལྷ་འཁོར་སུམ་བརྒྱ་དྲུག་ཅུ་དང་བཅས་པ་ཚིམ་ལཔར་བྱས་ནས་སྤོམ་ར་ལྷ་འཁོར་ལྕམ་དྲལ་ཟོ་དོར་དང་བཅས་པ་དམ་ལ་བཏགས་ཏེ་སྲོག་གི་སྙིང་པོ་ཕུལ་ལོ། །རྒྱལ་པོའི་བསམ་པ་བསྒྲུབ་པར་ཁས་བླངས་དམ་བཅས་སོ། །ལྕམ་གྱི་མིང་ཡང་རྨ་རི་རབ་འབྱམས་དྲག་མོ་རྒྱལ་དུ་བཏགས་སོ། །ལྷ་འོད་དེ་གུང་རྒྱལ་དང་ལྷ་ལྕམ་དྲལ་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་ཀོང་གཙུན་དེ་མོ་དམ་ལ་བཏགས་སོ། །དེ་ནས་བཙན་ལ་སྨན་གཅིག་མ་དམ་ལ་བཏགས་སོ། །དེ་ནས་ཁ་རག་ཁྱུང་བཙུན་དམ་ལ་བཏགས་སོ། །དེ་ནས་ཇོ་མོ་ལྷ་རི་དམ་ལ་བཏགས་སོ། །གནོད་སྦྱིན་གང་བ་བཟང་པོ་ལ་སོགས་པ་གནོད་སྦྱིན་ཐམས་ཅད་དང༌། བོད་ཀྱི་དགེ་བསྙེན་ཉི་ཤུ་རྩ་གཅིག་དམ་ལ་བཏགས་སོ། །དེ་ནས་གཡའ་རི་མོ། གངས་རི་མོ་ཉི་ཤུ་རྩ་གཅིག་དམ་ལ་བཏགས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་ཀྱིས། བྲག་དམར་བསམ་ཡས་སུ་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་ཚར་བཅད། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་དམ་ལ་བཏགས་སོ། །སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་དམ་བཅས། གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། བར་སྣང་གི་ལྷ་བྲན་ཐམས་ཅད་མངའ་འོག་ཏུ་བསྡུས་ཏེ། སྡེ་བརྒྱད་ཐམས་ཅད་ལས་ལ་བཀོལ་ཏེ། རི་རྡོ་རི་ལས་ཕབ། ཀླུངས་རྡོ་ཀླངས་སུ་བསྡུས་ཏེ། ལྷ་ཁང་གི་རྨང་བརྩིགས་པས། སློབ་དཔོན་བོ་དྷི་ས་ཏྭ་དང༌། ཆོས་རྒྱལ་ཉིད་ཀྱིས་དབུ་རྩེ་རིགས་གསུམ་རི་རབ་ཚུལ་དུ་བྱས། གླིང་གཞི་གླིང་ཕྲན་བརྒྱད་དུ་བྱས་ཏེ། དེ་ལ་ཡང་ཤར་དུ་རྣམ་དག་ཁྲིམས་ཁང་གླིང༌། མཁྱེན་རབ་འཇམ་དཔལ་གླིང༌། ཚང་དམར་སྐྱེ་རུའི་གླིང༌། ལྷོ་རུ་བདུད་འདུལ་སྔགས་པའི་གླིང༌། ཨརྱ་པ་ལོའི་གླིང༌། སྒྲ་བསྒྱུར་རྒྱ་གར་གླིང༌། ནུབ་ཏུ་མི་གཡོ་བསམ་གཏན་གླིང༌། རྡོ་སྐུ་བྱང་ཆུབ་གླིང༌། དགའ་ལྡན་བྱམས་པའི་གླིང༌། བྱང་དུ་སྣ་ཚོགས་རིན་ཆེན་གླིང༌། མ་ཆགས་པད་མ་ཅན་གྱི་གླིང༌།