རགས་ཅན་ན་རྒྱལ་པོའི་སྟོང་སྡེ་ཕྱེད་དང་བཅུ་གསུམ། ར་གན་ཐལ་བ་སྟོང་ན་འགོང་པོའི་སྟོང་སྡེ་ཕྱེད་དང་བཅུ་གསུམ་སྟེ་ལྷ་སྲིན་དེ་རྣམས་ཀྱང་དམ་ལ་བཏགས་སོ། །དེ་ནས་མར་བྱོན་པ་དང་གནམ་སྨན་དཀར་མོས་སློབ་དཔོན་ལ་ཐོག་ཕབ་པར་བྱས་པ་དང༌། སློབ་དཔོན་གྱི་ཕྱག་གཡོན་པའི་མཐིལ་དུ་ཆུ་མེ་ལོང་གང་ཙམ་བཞག་པ་དང༌། དེར་སྭ་ཟེར་སོང་བ་དང་ཐོག་སྐམ་པོ་སྲན་མ་ཙམ་བདུན་དུ་སོང་འདུག དེར་མོ་ཡ་མཚན་སྐྱེས་ཏེ་བྲེད་ནས་དཔལ་མོ་དཔལ་མཚོ་ལྷ་མཚོ་སྲིན་མཚོ་བྱ་བར་བྲོས་སོ། །སློབ་དཔོན་མཚོ་མེ་དཔུང་དུ་བསྒོམས་པས་མཚ་ལྷག་གིས་ཁོལ་བ་དང་མོའི་ཤ་དང་རུས་པ་བྱེ་སྟེ་བྲོས་པས། སློབ་དཔོན་གྱིས་རྡོ་རྗེ་བརྒྱབ་པས་མིག་གཡས་པ་ཞར་ཏེ། སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་འཕྲེང་རྩལ། བར་ཆད་མི་བགྱིད་ཐུགས་ཀྱིས་དགོངས་པ་གློད། །བདག་ནི་འཇིགས་ཤིང་སྐྲག་པས་སྲོག་གི་དབང་པོ་འབུལ། ཕྱིན་ཆད་སློབ་དཔོན་བཀའ་བཞིན་བསྟན་པའི་སྲུང་བར་བགྱིད། ཅེས་མིང་ཡང་གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ། །དེ་ནས་འཇད་ཤུལ་ཏུ་བྱོན་ནས་བྲག་ཕུག་སྒྲུབ་ཁང་དུ་ཞག་གསུམ་བཞུགས། སའི་ཁ་གནོན་དུ་མཆོད་རྟེན་བཞེངས། ས་གཞི་བྱིན་གྱིས་བརླབས། རྡོ་ལ་ཞབས་རྗེས་བཞག་གོ། །དེ་ནས་མར་བྱོན་ཏེ་ཤངས་ཀྱི་ལྷ་ཕུའི་ཟབ་ཕུ་ལུང་དུ་ཞག་བདུན་བཞུགས། འོད་ཡུག་ཏུ་བྱོན། སྡིང་མའི་སྟེང་ཕྱོགས་ཀྱི་བྲག་ཕུག་ཏུ་ཞག་བདུན་བཞུགས། ལྷ་ཀླུ་གདུག་པ་ཅན་བཏུལ་ནས་བྱིན་གྱིས་བརླབས་སོ། །དེ་ནས་གནམ་དུ་བྱོན་ཏེ་གནམ་བྱང་ངོས་ཀྱི་བྲག་ཕུག་ཏུ་ཞག་བདུན་བཞུགས། བྱང་གི་འདྲེ་སྲིན་སྤུན་བདུན་བཏུལ། ས་གཞི་བྱིན་གྱིས་བརླབས་སོ། །དེ་ནས་བོད་ཀྱི་བསྟན་མ་རྣམས་ཀྱིས་བར་ཆད་བྱ་བར་བརྩམས་པས། སློབ་དཔོན་གྱིས་རི་གཉའ་ཐམས་ཅད་ཞབས་ཀྱིས་བཅགས། ཕྱག་མཁར་གྱིས་བོར་དེ་གཡའ་རི་དང་གངས་རིའི་གནས་ཐམས་ཅད་བཤིགས་ཏེ་བཏུལ། བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་བཏུལ་ནས་དམ་ལ་བཏགས་ཏེ་སྲོག་གི་སྙིང་པོ་ཕུལ་ལོ། །དེ་ནས་ཕོ་ལོ་ཤ་ལུང་དུ་བྱོན་ཙ་ན་ལྷ་ཡར་ལ་ཤམ་པོ་གཡག་དཀར་པོ་རི་ལོག་ཙམ་གཅིག་ཏུ་སྤྲུལ་ནས་བྱུང་བས། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང༌། ཞགས་པའི་ཕྱག་རྒྱས་ཡན་ལག་བཅིངས། ལྕགས་སྒྲོག་གི་ཕྱག་རྒྱས་བསྡམས། དྲིལ་བུའི་ཕྱག་རྒྱས་མཉེད་པར་བྱས་ཏེ། གཡག་དེ་བཏུལ་བས། དེར་ལྷ་ཡར་ལ་ཤམ་པོས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་སོ། །དེ་ནས་ཐང་ལྷའི་སར་བྱོན་པས་ཐང་ལྷས་སློབ་དཔོན་ཉམས་སད་དེ། གནོད་སྦྱིན་ཆེན་པོ་གཅིག་ཏུ་ལུས་སྤྲུལ་ནས་སློབ་དཔོན་འཁོར་བཅས་ཟ་བའི་ཚུལ་དུ་བྱས་པས་སློབ་དཔོན་གྱི་ཕྱག་གིས་སྡིགས་མཛུབ་གཏད་པས་བྱིས་པ་གཞོན་ནུ་གཡུའི་ཟུར་ཕུད་ཅན་ཞིག་ཏུ་གྱུར་ཏེ་ཞབས་ཏོག་པ་ཀུན་སྐྲག་ནས་སློབ་དཔོན་ལྷ་འམ་ཕ་གི་ཅི་ལགས། བདག་ཅག་ནི་འཇིགས་པར་བྱུང་ཞུས་པས། སློབ་དཔོན་གྱི་ཞལ་ནས་འདི་ནི་ཀླུའི་རྒྱལ་པོ་མོས་ཐོད་དཀར་ཞེས་ཀྱང་བྱ། གཉན་ཆེན་ཐང་ལྷ་ཞེས་ཀྱང་བྱ་སྟེ། འདི་ལ་ངས་གྲོ་གཅིག་བླང་གི་གསུངས་ནས་འཁོར་ཀུན་ལ་མི་འཇིགས་པ་བྱིན་ནས་དེར་བཞག་སྟེ། སློབ་དཔོན་གྱི་ཐང་ལྷར་བྱོན། ཕྱི་དྲོ་འཁོར་ཙ་ན་ཆོས་གོས་ཀྱི་གྲར་ཅི་ཡང་མི་བྲོ་བའི་ཁུར་བ་ལབ་ལེབ་དང༌། ཞལ་ཟས་སྣ་ཚོགས་པ་བསྣམས་ནས་བྱོན་ཏེ། དེར་ཐང་ལྷ་མངའ་འོག་ཏུ་བསྡུས་དམ་ལ་བཏགས་སོ། །དེ་ནས་བྱང་ཁའི་གཡའ་རི་གངས་རི་རྣམས་ཀྱི་ལྷ་སྲིན་བཏུལ་ཏེ། ཤེལ་ཚ་རྒྱལ་མོ་གངས་ཀྱི་མིང་བྱང་གི་འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ་མོར་མིང་བཏགས་སོ། །དེ་ནས་འཕན་ཡུལ་དུ་བྱོན་ཙ་ན་བྱང་གི་ཀྱིན་འཐིང་ལ་རོ་སྨན་དང༌། སྟག་སྨན་གྱི་གདོང་དང༌། བྱང་ཕུག་མ་རྣམས་ཀྱིས་བྱང་ཁ་མཐུན་གསུམ་གྱི་ལྷག་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། སློབ་དཔོན་འཁོར་བཅས་ལ་བརྒྱབ་པས་འཁོར་རྣམས་འགྱེལ་ལ་ཁད། རེངས་ལ་ཁད་དུ་གྱུར། སློབ་དཔོན་ཡང་སྐུ་བསེར་ཙམ་མཛད་ནས་དེར་སློབ་དཔོན་གྱིས་གངས་རི་རྫ་རི་ཐམས་ཅད་མེ་དཔུང་དུ་བྱིན་གྱིས་བརླབས་ཏེ་བསྒོམས་པས། མར་ལ་ལྕགས་ཚ་མོ་ཕོག་པ་ལྟར་ལྷན་གྱིས་ཞུ་བར་གྱུར་པས་དེར་བོད་ཀྱི་གནོད་སྦྱིན་མོ་མཐུ་མོ་ཆེ་རྣམས་བཏུལ་ཏེ་དམ་ལ་བཏགས་སོ།