R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ཆོས་སྐྱོང་ལག་ན་རྡོ་རྗེ་ཞལ་དང༌། རྒྱལ་པོ་རྣམ་སྲས་ལ་གཏད་དེ་བཅོལ་ལོ། །དབུ་རྩེ་བར་ཁང་རྒྱ་ནག་གི་ལུགས་ལ། ལྷ་ཚོགས་གཙོ་བོ་དུས་གསུམ་གྱི་སངས་རྒྱས་འཁོར་ས་བཅུའི་བྱང་ཆུབ་སེམས་དཔལ་བཅུའོ། །སྒོ་བ་ཀང་ཀིང་ངོ༌། །ཁྲོ་བོ་རྣམ་པར་རྒྱལ་བ་དང་ཁམས་གསུམ་རྣམ་པར་རྒྱལ་ཏེ་ལྷ་ཚོགས་བཅོ་ལྔ་བཞུགས་སོ། །རི་མོ་ནི་སྙིང་པོ་འབུམ་གྱི་གླེང་བཞིའོ། །སྐོར་ཁང་ཀ་ཕྱིར་ལྟ་ན་མཆོད་རྟེན་བརྒྱད་ལ། ནང་གི་ལྷ་སྤྲིན་ཆེན་སྙིང་པོའོ། །རྔ་ཁང་ན་རི་མི་ཕྱོགས་བཅུའི་སངས་རྒྱས་དང༌། རྡོ་རྗེ་སེམས་དཔའའ་དང་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་དང༌། ཆོས་སྐྱོང་རྣམས་ཀྱི་འབག་བྲིས་སོ། །ཆོས་སྐྱོང་རྒྱལ་པོ་ཤིང་བྱ་ཅན་དང་ལྕམ་མོ་འགྲོ་བཟང་མ་ལ་གཏད་དེ་བཅོལ་ལོ། །འོག་ཁང་བོད་ཀྱི་ལུགས་ཀྱི་ལྷ་ཁང་ན། ལྷའི་གཙོ་བོ་ངོ་མཚར་ཅན་བྱང་ཆུབ་ཆེན་པོ་རང་བྱོན་དང༌། འཁོར་བསྐལ་བཟང་སེམས་དཔའ་བཅུའོ། །སྒོ་སྲུང་མི་གཡོ་མགོན་པོ་དང༌། རྡོ་རྗེ་གཏུམ་པོ་དང་བཅུ་གསུམ་བཞུགས་སོ། །སྙིང་པོ་རི་མོ་ཕྱོགས་བཅུའི་སངས་རྒྱས་དང༌། སྐོར་ཁང་ཕྱི་ནང་ན་རིན་པོ་ཆེའི་ཏོག རྔ་ཁང་ན་མདོ་སྡེ་དཀོན་མཆོག་སྤྲིན་གྱི་བཀོད་པའོ། །ཆོས་སྐྱོང་མཁའ་འགྲོ་མ། ཁྲོ་བོ་རོལ་པ་ལ་གཏད་དོ། །འཁོར་ས་བར་མའི་རི་མོ་རྒྱ་ཆེ་རོལ་པའི་བཀོད་པ་བཞུགས་སོ། །དཀོར་མཛོད་དགུ་ལ་ལྷའི་དཀོར་མཛོད་གསུམ་ནི་རིན་པོ་ཆེའི་གཏེར་གྱི་མཛོད། ཆོས་སྐྱོང་གཤིན་རྗེ་ནག་པོ་ཆེ་གསུམ་ལ་གཏད་དེ་བཅོལ་ལོ། །ནུབ་ཕྱོགས་ཀྱི་དཀོར་མཛོད་གསུམ་ནི་གསུང་རབ་རྒྱུད་ཀྱི་མཛོད་དོ། །ཆོས་སྐྱོང་ཨ་ཙརྱ་མཆེད་གསུམ་ལ་གཏད་དེ་བཅོལ་ལོ། །བྱང་ཕྱོགས་ཀྱི་སྐོར་མཛོད་གསུམ་ནི་རིན་པོ་ཆེ་ནོར་གྱི་མཛོད་དོ། །ཆོས་སྐྱོང་ནི་ནག་པོ་མཆེད་གསུམ་ལ་གཏད་དོ། །འཁོར་ས་ཆེན་མོའི་ནང་གཉིས་ན་མདོ་སྡེ་སྡོང་པོ་རྒྱན་བཞུགས་སོ། །ཆོས་སྐྱོང་ཀླུའི་རྒྱལ་པོ་ཨེ་ན་དང་ཨུ་ནི་ལ་གཏད་དོ། །དབུ་རྩེ་ལ་ཀ་བ་སྟོང་རྩ་བརྒྱད། བཤའ་རྩེ་བཞི་བཅུ་ཞེ་བརྒྱད། སྒཽ་མོ་སུམ་ཅུ་སོ་བརྒྱད། གྲུ་སྐས་དྲུག དཀོར་མཛོད་དགུ་ལ་ལྡེར་སོ་བཟོ་བདུན་ཅུ་རྩ་གཉིས་བཞུགས་སོ། །ཡཀྵ་ལྟག་འོག་གཉིས་ལ་ལྷ་ཚོགས་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་བཞུགས་སོ། །རི་མོ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་བཞུགས་སོ། །ཆོས་སྐྱོང་གནོད་སྦྱིན་གང་བ་བཟང་པོ་དང༌། ནོར་བུ་བཟང་པོ་གཉིས་ལ་གཏད། ཤར་གྱི་གླིང་གསུམ་ནི་རྣམ་དག་ཁྲུས་ཁང་གླིང་ན། ལྷ་ཚོགས་བྱང་ཆུབ་ཆེན་པོ་སྐུ་འཁོར་ལྔ་བཞུགས། རི་མོ་ནི་མདོ་ཏིང་ངེ་འཛིན་རྒྱལ་པོའི་བཀོད་པ་བཞུགས། ཆོས་སྐྱོང་ཚངས་པ་དུང་གི་ཐོར་གཙུག་ཅན་ལ་གཏད་དོ། །སོ་སོ་ཐར་པའི་ཚུལ་ཁྲིམས་ལེན་པའི་གནས་སོ། །མཁྱེན་རབ་འཇམ་དཔལ་གླིང་ན་ལྷ་ཚོགས་འཇམ་དཔལ་སྐུ་འཁོར་ལྔ༌། སྒོ་སྲུང་གཤིན་རྗེ་གཤེད་གཉིས་ཏེ་བདུན་བཞུགས་སོ། །རི་མོ་ནི་སྣང་བ་མཐའ་ཡས་དང༌། ཚེ་དཔག་མེད་དང་ཕལ་པོ་ཆེའི་རྒྱུད་རིས་བཞུགས་སོ། །ཆོས་སྐྱོང་ནི་གཤིན་རྗེ་མེའི་འཁོར་ལོ་ཅན་ལ་གཏད་དོ། །ཆོས་ཀྱི་འཆད་ཉན་བྱེད་པའི་གླིང་ངོ༌། །ཚང་མང་བརྡ་སྦྱོར་གླིང་ན། ལྷ་གཙོ་བོ་ཤཱཀྱ་མུ་ནེ་གཙོ་འཁོར་ལྔ་བཞུགས་སོ། །ཆོས་སྐྱོང་རྒྱལ་པོ་འབྲུག་གི་ཀླག་སློག་པ་ཅན་ལ་གཏད་དོ། །འཚོ་བ་ཟས་ཀྱི་གླིང་ངོ༌། །ལྷོའི་གླིང་གསུམ་ལ། བདུད་འདུལ་སྔགས་པའི་གླིང་ན། ལྷ་ཚོགས་ལུགས་སྐུ་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་བཞུགས་སོ། །རི་མོ་ནི་མདོ་ནམ་མཁའ་སྙིང་པོའི་རྒྱུད་རིས་བཞུགས་སོ། །ཆོས་སྐྱོང་མ་མོ་ཉི་ཤུ་རྩ་བརྒྱད་ལ་གཏད་དོ། །སྒྲུབ་པའི་བར་ཆད་སེལ་བའི་གླིང་ངོ༌། །ཐུགས་རྗེ་རྒྱུན་འབྱུང་ཨརྱ་པ་ལོའི་གླིང་ན། ལྷ་ཚོགས་ནི་ཁ་སརྤ་ཎི་གཙོ་འཁོར་ལྔ། སྟེང་ཕྱོགས་ན་སྣང་བ་མཐའ་ཡས་གཙོ་འཁོར་ལྔ་བཞུགས་སོ། །གློ་འབུར་ན་རིགས་གསུམ་མགོན་པོ། ཕྲ་མེན་གྱི་མཆོད་རྟེན་རྒྱལ་པོའི་སྐུ་ཚད། དངུལ་གྱི་ཐུགས་རྗེ་ཆེན་པོ། རྗེ་བཙུན་སེང་གེ་སྒྲ། བསེའི་ཇོ་མོ་སྟོང་ཕྲག་བརྒྱ་པ་བཞུགས་སོ། །རི་མོ་ཟ་མ་ཏོག་བཀོད་པ། ལྔ་བཅུ་པའི་རྒྱུད་རིས་ཡོད། ཆོས་སྐྱོང་དབང་ཆེན་གྱི་ཕོ་ཉ་རྣམས་ལ་གཏད་དོ། །མངོན་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གླིང་ངོ༌། །སྒྲ་བསྒྱུར་རྒྱ་གར་གྱི་གླིང་ན།