ལྷ་ཚོགས་ལུགས་སྐུ་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་བཞུགས་སོ། །རི་མོ་རྒྱལ་བ་རིགས་ལྔའི་རྒྱུད་རིས་སོ། །ཆོས་སྐྱོང་གནོད་སྦྱིན་ར་གདོང་ཅན་ལ་གཏད་དོ། །རྒྱ་ལ་ལས་བོད་སྐད་དུ་སྒྲ་བསྒྱུར་བའི་གླིང་ངོ༌། །ནུབ་ཀྱི་གླིང་གསུམ་ལ་ལུང་སྟོན་བཻ་རོ་ཙ་ནའི་གླིང་ན། ལྷ་ཚོགས་ཟངས་ཀྱི་རྣམ་པར་སྣང་མཛད། མངོན་པར་བྱང་ཆུབ་པའི་རྒྱུད་རིས་བཞུགས་སོ། །ཆོས་སྐྱོང་ནི་སེང་མགོ་ཅན་ལ་གཏད་དོ། །གང་ཟག་ལུང་སྟོན་པའི་གླིང་ངོ༌། །དགའ་ལྡན་བྱམས་པའི་གླིང་ན། ལྷ་ཚོགས་བྱམས་པ་སྐུ་འཁོར་ལྔ་བཞུགས་སོ། །སྒོ་སྲུང་གཉིས་ཏེ་བདུན་བཞུགས་སོ། །སྟེང་གི་ལྕོག་ན་ཨ་མི་དེ་བ་སྐུ་འཁོར་ལྔ་བཞུགས་ཏེ་ལྷ་བཅུ་གཉིས་བཞུགས་སོ། །རི་མོ་བྱམས་པའི་སྐྱེས་རབས་དང༌། སངས་རྒྱས་སུམ་ཅུ་རྩ་གཉིས་བཞུགས་སོ། །གནས་བརྟན་ཆེན་པོ་བཅུ་དྲུག་དང༌། བསམ་ཡས་ཀྱི་དཔེ། ཞང་རྒྱ་ཚ་ལྷ་སྣང་གི་སྐྱེས་རབས་རྣམས་བྲིས་སོ། །ཆོས་སྐྱོང་མཁའ་འགྲོ་མ་གུ་ལིང་གི་མགོ་ཅན་ལ་གཏད་དོ། །སྒྲུབ་རྒྱུད་ཀྱི་གདམས་ངག་འབེབས་པའི་གླིང་ངོ༌། །མི་གཡོ་བསམ་གཏན་གྱི་གླིང་ན་ལྷ་ཚོགས་རྣམ་པར་སྣང་མཛད་གཉན་པོ་བྱིན་ཅན་གྱིས་གཙོ་བྱས་པའི་རྒྱལ་བ་རིགས་ལྔ། བསྐལ་བཟང་བྱང་ཆུབ་སེམས་དཔའ་བཅུ་དྲུག་སྟེ་ཉི་ཤུ་རྩ་དྲུག་བཞུགས་སོ། །རི་མོ་ཚེ་དཔག་མེད་དང་ངན་སོང་སྦྱོང་བ་དང༌། གཙུག་ཏོར་འོད་ཀྱི་དཀྱིལ་འཁོར་གསུམ། འཁོར་ཁྱམས་ན་ཕལ་པོ་ཆེའི་རྒྱུད་རིས་བཞུགས་སོ། །ཆོས་སྐྱོང་རྒྱལ་པོ་དངུལ་མགོ་ཅན་ལ་གཏད་དོ། །བསམ་གཏན་སྒྲུབ་པ་བྱེད་པའི་གླིང་ངོ༌། །བྱང་གི་གླིང་གསུམ་ལ་སྣ་ཚོགས་རིན་ཆེན་གླིང་ན། ཤཱཀྱ་སེང་གེ་སྐུ་འཁོར་ལྔ་བཞུགས་སོ། །རི་མོ་ནི་འཕགས་པ་གསེར་འོད་དམ་པའི་རྒྱུད་རིས་བཞུགས་སོ། །ཆོས་སྐྱོང་རྒྱལ་པོ་བྱའི་སྦར་སོ་ཅན་ལ་གཏད་དོ། །འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གླིང་ནི། གཏན་བདེ་ལ་གནས་པའི་གླིང་ངོ༌། །སེམས་བསྐྱེད་བྱང་ཆུབ་གླིང་ན། ལྷ་ཚོགས་ནི་སངས་རྒྱས་མ་ཆགས་པད་མའི་སྤྱན་ལ། འཁོར་བྱང་ཆུབ་སེམས་དཔའི་ཚོགས་རིགས་བརྒྱ་བཞུགས་སོ། །ཆོས་སྐྱོང་ནི་གནོད་སྦྱིན་ནོ། །བྱང་ཆུབ་སེམས་བསྐྱེད་འབེབས་པའི་གླིང་ངོ༌། །དཔེ་ཧར་དཀོར་མཛོད་གླིང་ན། ལྷ་སྟེང་གི་སངས་རྒྱས་དགའ་བའི་དཔལ་གཙོ་འཁོར་ལྔ་བཞུགས་སོ། །རི་མོ་ནི་འཇིག་རྟེན་གྱི་ཁམས་མདངས་དགའ་བའི་བཀོད་པའོ། །ཆོས་སྐྱོང་ནི་རྒྱལ་པོ་དཔེ་ཧར་ལ་གཏད་དོ། །དེ་ལྟར་ཉི་མའི་ལྷ་ཁང་ནི། ལྷའི་བུ་ཉི་མའི་གཞལ་ཡས་ཁང་གི་བཀོད་པའོ། །ཟླ་བའི་གཞལ་ཡས་ཁང་ན་ལྷའི་བུ་ཟླ་བའི་གཞལ་ཡས་ཁང་གི་བཀོད་པ་ཡོད་དོ། །མཆོད་རྟེན་བཞི་ལ་ཤར་ལྷོའི་མཆོད་རྟེན་དཀར་པོའི་ནང་ན། དེ་བཞིན་གཤེགས་པའི་གདུང་རིང་བསྲེལ་མ་ག་དྷའི་བྲེ་དྲུག་བཞུགས་ཏེ། སངས་རྒྱས་སྟོང་གི་བརྒྱན་པ་བཞེངས་སོ། །ལྷོ་ནུབ་ཀྱི་མཆོད་རྟེན་དམར་པོའི་ནང་ན། སྔོན་བསྐལ་པ་དང་པོར་ཇོ་ཇོ་རྒོད་དེས་ཁྱུང་ཚང་ནས་བཏོན་པའི་ཁྲབ་ཉ་ཤ་ལྟོ་རྒྱབ། མདུང་ཁ་དོག་མཆོག་ལྡེམ་ངལ་གྲི་ངར་མའི་རྡོ་གཅོད་ལ་སོགས་གོ་མཚོན་བཅུག་སྟེ་པད་མ་སྟོང་གིས་བརྒྱན་པ་བཞེངས་སོ། །ནུབ་བྱང་མཆོད་རྟེན་ནག་པོའི་ནང་ན། སྔོན་བསྐལ་པ་དང་པོ་ལ་སྤྲེའུ་དང་བྲག་སྲིན་ལས་འགྲོ་བ་མི་འཕེལ་བའི་དུས་སུ། ཨརྱའི་དྲུང་ནས་ཁོང་ཚོའི་ཟས་སྐལ་ལ་བྱིན་པའི་ཡར་ལུང་ཟོ་ཐང་དུ་འབྲུ་སྣ་ཐམས་ཅད་བཏབ་པའི་ཕུད། འབྲུ་སྣ་བསྐལ་པ་བཟང་པོའི་ནས་ཚད་ཟ་ཚད་བཅུག་སྟེ། མཆོད་རྟེན་སྟོང་གིས་བརྒྱན་པ་ཞིག་བཞེངས་སོ། །བྱང་ཤར་མཆོད་རྟེན་སྔོན་པོའི་ནང་ན་སྨན་མཆོག་མ་རུ་ར་རྣམ་རྒྱལ་དང༌། བདུད་རྩི་འཆི་སོས་ཀྱི་སྨན་དང༌། སྨན་མཆོག་ཐམས་ཅད་བཅུག་པའི་ལྷ་ཁང་བཅུ་དྲུག་གིས་བརྒྱན་པ་གཅིག་བཞུགས་སོ། །མཆོད་རྟེན་འདི་ཤིན་ཏུ་ངོ་མཚར་བས་ལྷའི་ཡུལ་དུ་འཕུར་ནས་གཤེགས་པ་ལ་ཕྱོགས་བཞིར་གཟེར་བཞིས་མནན་པ་བཞུགས་སོ། །དབུ་རྩེ་རིགས་གསུམ་གྱི་གཉ྄ཛིར་གསེར་འཕྲུའི་རྩེ་མོ་ན་ནོར་བུ་རིན་པོ་ཆེ་ཟླ་བ་ཆུ་ཤེལ་ཡོད་དོ། །ཁྱམས་ཆེན་པོའི་ལོགས་རིས་ལ་གླིང་བཞི་བྱེ་བ་ཕྲག་བརྒྱ་དང༌། མདོ་ཕལ་པོ་ཆེ་ལས་གཞོན་ནུ་ནོར་བཟང་གིས་བླ་མ་བརྒྱ་རྩ་བརྟེན་པའི་རི་མོ། གླིང་བར་གྱི་མུན་པའི་བཀོད་པ་དང༌།