R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།དངོས་གྲུབ་ཡ་མཚན་ཆེན་པོ་ཡོད་ཅེས་ཞུས། །དགོངས་པ་གློད་པར་ཞུ་བ་ནན་དུ་ཕུལ། །འོན་པའི་མི་ལ་སྨྲ་བ་བཞིན་དུ་མཛད། །སློབ་དཔོན་དགོངས་པ་གློད་པས་ཀླུའི་རྒྱལ་པོ་ནི། །མལ་གྲོ་གཟི་ཆེན་ནག་པོ་ཀློང་རྡོལ་གཉིས། །སྤྱི་གཙུག་ནོར་བུ་བཀྲོལ་ནས་རྒྱལ་པོའི་ཕྱག་ཏུ་ཕུལ། །ལུས་ཀྱིས་གུས་པ་སྟོན་ཅིང་ཞབས་གཉིས་སྤྱི་བོར་བླངས། །དེ་ལྟར་བྱས་ནས་ཀླུའི་རྒྱལ་པོ་གཉིས། །མཁའ་ལ་ལྷོ་སྤྲིན་འཏིབས་ནས་ཚོགས་དང་བཅས། །མཁའ་ལས་ཐར་པ་འབབ་ཅིང་སི་ལི་ལི། །འབྲུག་སྒྲ་དྲག་པོའི་སྒྲ་ནི་དི་རི་རི། །རྒྱལ་པོ་སྐུ་དྲིན་ཆེ་ཞེས་བྱང་ཕྱོགས་བཞུད། །དེ་ནས་སློབ་དཔོན་གྱི་ཞལ་ནས་རྗེ་ལྷ་སྲས་ལགས། །གཙུག་ལག་ཁང་བཞེངས་པའི་ཤིང་དང་རིན་པོ་ཆེ་མི་སྐོག་མི་འདུག་ལགས་ཏེ། བདག་གིས་ཀྱང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་སམ་མ་ཐོགས་བལྟས་པས་དམ་ལ་ཐོགས་འདུག ཀླུ་གཉན་དེའི་ལུས་དམ་ལ་ཐོགས་པས་བསམ་ཡས་རྩིག་པའི་གྲོགས་བྱེད་ཀྱི་འདུག ངག་དམ་ལ་ཐོགས་ནས་རྒྱལ་པོའི་བསམ་པ་སྒྲུབ། སློབ་དཔོན་གྱི་བཀའ་ཉན་ཟེར་ཞིང་འདུག་པ་ལ། ཡིད་དམ་ལ་མ་ཐོགས་པར་མཐོང་བའི་དུག་དང༌། རེག་པའི་དུག་དང༌། ཁ་རླངས་ཀྱི་དུག་དང༌། འཕྲོ་བའི་དུག་གིས་མི་དང་སེམས་ཅན་རྣམས་ལ་གནོད་ཅིང་འཚེ་བ་བྱེད་ཀྱི་འདུག་ནས། ཚར་གཅོད་ཅིང་དམ་བཏགས་ལ་ཕྱི་རབས་སུ་སེམས་ཅན་རྣམས་ལ་གནོད་པ་དང་འཚེ་བ་མི་ནུས་ལཔར་བྱ་བསམས་པ་ལགས་ཏེ། རྒྱལ་པོས་བདག་གི་ཀླུ་འདུལ་བའི་དགོངས་པ་གློད་པས། ད་ལྔ་བརྒྱའི་མཐའ་མ་ལ་ས་གཞི་དང་འོག་ཐམས་ཅད་ཀླུ་གཉན་ས་བདག་གིས་དབང་བྱེད་པ་འོངས། མཛེ་རིགས་དང་གཉན་ནད་བཅོ་བརྒྱད་དར་བར་འོངས། གཉན་རིགས་དར་ཞིང་འཕེལ་དང་ཤུ་བ་དར། མི་ཕལ་ཡང་འོག་གདོན་གྱིས་ཟིན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་རྒྱལ་པོ་རྗེ་འབངས་མར་བྱོན་ཙ་ན། ཀླུས་གཙང་པོ་ལ་ཤིང་བསྐྱུར་ནས་བསམ་ཡས་ཀྱི་མཐའ་ཐམས་ཅད་ཤིང་གིས་ནག་མེར་རེ་ཁེངས་པར་འདུག་སྐད་དོ། །དེ་ནས་རྒྱལ་པོའི་ཉི་ཤུ་རྩ་གཅིག་སྟག་གི་ལོ་ལ་རྨ་བཏིང་ནས་བརྩིགས། རྟའི་ལོ་ལ་འབྱོངས་ཏེ། དབུ་རྩེ་ཡང་ཐོག་རྒྱ་གར་གྱི་ལུགས་སུ་བཞེངས། བར་ཁང་རྒྱ་ནག་གི་ལུགས་སུ་བཞེངས། འོག་ཁང་བོད་ཀྱི་ལུགས་སུ་བཞེངས་ཏེ། རྟེན་བྱོན་ལུགས་དང་བཞེངས་ལུགས་ནི་རྒྱལ་པོའི་ཐུགས་དགོངས་ལ། ངའི་ལྷ་ཁང་དུ་རྟེན་ཇི་ལྟར་བཞེངས་དགོངས་པ་དང༌། རྒྱལ་པོ་གཟིམ་པའི་མནལ་ལམ་ན་བར་སྣང་ནས་ལྷས་ལུང་བསྟན་ཏེ། རྒྱལ་པོ་ཁྱོད་ཀྱི་ཡིད་དམ་གྱི་ལྷ་བ་དམར་པོ་འབུད་པའི་སྐད་ཐག་ཆད་པའི་ས་དེར་བཞུགས་པས་གདན་དྲོངས་ལ། གཙུག་ལག་ཁང་དུ་བཞུགས་སུ་གསོལ་ཅིག་བྱ་བ་བྱུང་བ་དང༌། དེའི་སྐད་བྱུང་བ་ཐོས་པས་སྐད་ཐག་ཧས་པོ་རིའི་རྩེ་མོར་ཆད་པ་སྙམ་བྱེད་པ་བྱུང་བས། དེ་མ་ཐག་ཧས་པལོ་རིའི་རྩེ་མོར་བྱོན་པས་མངོན་སུམ་པར་ཅི་ཡང་མི་འདུག་པ་ལ། རྒྱལ་པོས་ས་དེ་འདི་ཡིན་གསུངས་ནས། ཕྱག་གིས་བྲད་པས། བྱང་ཆུབ་ཆེན་པོ་རྡོ་སྐུ་རང་བྱོན་དེ་དབུའི་གཙུག་ཏོར་ཉུག་གིས་བྱོན། དེ་གདན་དྲངས་ཏེ་འོག་ཁང་བོད་ལུགས་ཀྱི་གཙུག་ལག་ཁང་གི་ལྷའི་གཙོ་བོར་བཞུགས་སུ་གསོལ་ལོ། །དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས། མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང༌། གཞི་ཆེ་དཔངས་མཐོ་རྒྱུ་བཟང་བཀོད་ལེགས་པ། བཀྲ་ཤིས་བྱིན་ཆེ་ཀུན་ནས་འགྲན་ཟླ་མེད། དགའ་ལྡན་སུམ་ཅུ་རྩ་གསུམ་གྱི་ལྷ་ཁང་ལ་དཔེ་བླངས་པས། དཔལ་ནཱ་ལེན་དྲ་དང་མཚུངས་པའི་གཙུག་ལག་ཁང་བཞུགས། བཙུགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་མདོ་སྟེ་ལྷར་སྟོང་གསུམ་གཅིག་གི་ལུགས་སོ། །འདུལ་བ་ལྟར་ཐེག་པའི་སྐབས་དང་རིམ་པ་བཞིན། མངོན་པ་མཛོད་ཀྱི་འཇིག་རྟེན་བསྟན་པ་དང་ཡང་བསྟུན་ནོ། །དེ་ཡང་སྡེ་སྣོད་གསུམ་དང་སྦྱར་ནས་བཞུགས་སུ་གསོལ་བ་ནི། སྟེང་ཁང་རྒྱ་གར་ལུགས་ཀྱི་ལྷ་ནི། དཔལ་རྣམ་པར་སྣང་མཛད་ཞལ་བཞི། འཁོར་ཉེ་བའི་སྲས་བརྒྱད། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་བཞི། སྒོ་སྲུང་བརྒྱད་དེ་བཞི་བཅུ་རྩ་བཞི་བཞུགས་སོ། །རི་མོའི་ལོགས་ལ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞུགས། ལྕོག་བཞི་ལ་རི་མོ་འཇིག་རྟེན་གྱི་ཁམས་མདངས་དགའ་བར་སངས་རྒྱས་དགའ་བའི་དཔལ་འཁོར་དང་བཅས་པ་བཞུགས་སོ།