R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཡང་དག་སྒྲུབ་པ་རྩ་རྒྱུད་ལྟ་བུ་ལ་འབྲེལ་ཆེན་སྒྲོན་མེ་ལྟ་བུ་མཛད་ནས་བཤད། ཡང་དག་ལུས་ཀྱི་ཁོག་པ་དང་འདྲ་བ་ལ་དེའི་སྙིང་དང་འདྲ་བའི་མེ་གཅིག་མ་གནང་ནས། ལོ་གཅིག་གསེར་གྱི་བྲག་བྱ་སྐྱིབས་ཅན་དུ་བསྒྲུབས་པས་དཔལ་ཆེན་པོའི་ཞལ་མཐོང་དངོས་གྲུབ་ཐོབ་ནས་རྟགས་ཀྱང་བྲིས་སྐུ་བཞད་པ་དང༌། བདུད་རྩི་མུ་ཏིག་དྲི་མ་མེད་པ་ལྟར་གྱུར་པ་དང༌། རཀྵ་ཁོལ་བ་དང༌། གཏོར་མ་འདོད་ཡོན་གྱི་ལྷ་མོས་དངོས་སུ་འབུལ་བ་དང༌། ཚེ་འཕར་བ་དང༌། བསྙེན་ཕུར་འཚེག་པ་དང༌། འཕར་བ་ལ་སོགས་པ་དང༌། རྫོགས་རིམ་མ་བྱས་པར་ཕྱི་ནས་མར་བྱོན་པས་ཁྲོ་བོའི་གར་དགུ་དང༌། དཔལ་གྱི་ཆས་བརྒྱད་དང་ལྡན་པ། གཏོར་མ་ཡིད་བཞིན་གྱི་ནོར་བུ་མཆོད་སྡོང་འདོད་པའི་ཡོན་ཏན་གྱི་ལྷ་མོ་དྲུག་གིས་དངོས་སུ་མཆོད་པ་འབུལ་བ་ལྷ་ལ་ལྷ་ཐིམ་གྱི་ཚུལ་དུ་བྱུང་བ་དང༌། དེར་བོད་ཀྱི་རྒྱལ་པོས་ངས་ཞབས་འོག་ནས་རྡེའུ་བཏོན་ནས་དབུའི་མཆོད་གནས་སུ་བྱས་ཏེ། ཆོས་ཞུར་བཏང་བ་ཚུར་མོ་ཡོང་ན། ཁོའི་རུས་པ་སྣུབས་རྒྱུད་བརླག་པར་བྱའོ། །གསུངས་པས་དེར་སྣུབས་ནམ་མཁའི་སྙིང་པོས་རྒྱ་གར་ནས་བོད་དུ་རྫུ་འཕྲུལ་གྱིས་བྱོན་ནས་མངའ་བདག་རྒྱལ་པོ་དང་མཇལ་ཏེ། རྗེ་ལ་ཞུས་པ། ཁྱེད་བཞེད་པའི་ཆོས་དཔལ་ཡང་དག་སྒྲུབ་པ་ཞེས་བྱ་བ། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་འདི་ལྟ་བུ་མཆིས་སོ་གསུངས་ནས། ཡང་དག་གྲུབ་པ་གཅིག་བུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་ནས་ཁོ་རང་གི་ཁོག་པ་དངུལ་དཀར་གྱི་གྲི་གུས་ཁ་ཕྱེ་ནས་ཁོག་པ་ནས་ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་རྩ་གཉིས་བཀྲ་ལམ་མེར་བསྟན་པ་དང༌། རྒྱལ་པོ་ཚིག་དང་དོན་དང་ལྷ་གསུམ་ཀར་ཡིད་ཆེས་ནས་ངེས་ཤེས་སྐྱེས་ཏེ་ཕྱག་དབུ་ཐོད་བུད་བུད་དུ་བཙལ་ལོ། །དེ་ནས་རྒྱལ་པོས་མཆོད་གནས་སུ་བཟུང་ནས་དཔལ་ཡང་དག་གི་ཆོས་བཤད་པ་དང༌། བློན་པོ་དང་ཇོ་མོ་རྣམས་ཀྱིས་ཕྲག་དོག་བྱས་ཏེ། རྒྱལ་པོས་འབངས་རྣམས་ལ་སློབ་དཔོན་བྱ་བར་མི་རིགས་པས་འདི་རྒྱལ་ཁྲིམས་ལ་གནོད་པས་གདུག་པ་གཅིག་ཏུ་སྤྱུག་གོ་ཟེར་ནས། ལྷོ་བྲག་མཁར་ཆུར་སྤྱུགས་སོ། །ལྕགས་ཕུར་ཅན་དུ་སྒྲུབ་པ་མཛད་པས་གྲུབ་རྟགས་མར་མེ་རང་འབར་བ་དང༌། བྲག་ལ་སྐུ་རྒྱབ་གཏད་པས་རྗེས་དོད་པ་དང༌། ཕུར་པ་བྲག་ལ་ཐེབས་པ་དང༌། ཉི་མའི་ཟེར་ལ་ཆིབས་ནས་གཤེགས་པ་དང༌། ཉི་ཟེར་ལ་ཆོས་གོས་འགེལ་བ་དང༌། དཔལ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུར་ཞལ་མཐོང་སྟེ་གྲུབ་པ་བརྙེས་སོ། །དེ་ནས་དུས་ལན་གཅིག་གི་ཚེ་རྒྱལ་པོ་སྙུན་གྱིས་ཐེབས་ཏེ་རིམ་གྲོ་བྱས་ཀྱང་ཕན་པ་མ་བྱུང་བས། མོ་དང་རྩིས་བྱས་ཀྱང་མ་ཕན་ནས་སློབ་དཔོན་པད་མ་འབྱུང་གནས་ལ་ཞུས་པས། འདི་ལ་གཞན་ཅིས་ཀྱང་མི་ཕན་ཏེ། སྣུབས་ནམ་མཁའི་སྙིང་པོ་དང་རྒྱལ་པོ་དཔོན་སློབ་ཏུ་བྱས་ནས་ཕྱིས་སྤྱུགས་པས་དམ་ཚིག་ཉམས་པས་ལན་པས། ཁོང་སྤྱན་དྲངས་ཏེ་དམ་ཚིག་ཉམས་པ་བསྐངས་ན་ཕན་པར་འོང་གསུངས་པས། ལྷོ་བྲག་མཁར་ཆུ་ནས་སྤྱན་འདྲེན་དུ་བཏང་བས་ཁྱེད་རང་གཉིས་སྔོན་ལ་སོང་ཞིག ང་ནངས་པར་ཞག་གསུམ་དྲོ་བཟི་ན་ཡོང་བས་ཁང་པ་དགུ་རིམ་གྱི་སྟེང་དུ་རྒྱལ་པོའི་གདན་ཤོམས་ཤིག་གསུངས་ཏེ། དེར་ཞག་གསུམ་དྲོ་བཞི་ན་སློབ་དཔོན་ནམ་མཁའི་སྙིང་པོས་ཉི་མ་ཤར་བ་དང་རྒྱལ་པོའི་སྤྱན་སྔར་བྱོན་ནོ། །འཁོར་ནང་མིས་སློབ་དཔོན་ལ་རྒྱལ་བའི་སྐུའི་རིམ་གྲོའི་ཡས་ཐགས་ཅི་གསོག་འཚལ་བྱས་པས། གཞན་ཅི་ཡང་མི་འཚལ་ཏེ་རྒྱལ་པོ་རང་གིས་ཅི་གསོལ་བའི་ཟས་རྣམས་ཚང་བར་ཁྱེར་ཤོག་ཅིག་གསུངས་ནས། ཞལ་སྐྱེམས་དང་བཅས་པ་ང་ལ་དྲོངས་ཤིག་གསུངས་ཏེ། དེ་ལྟར་བྱས་ཏེ་དྲངས་པས། དེ་ཟས་ཚོགས་མཛད་དེ་གསོལ་བས་སློབ་དཔོན་གྱིས་གསོལ་བ་ཟིན་པ་ཙམ་ལ། འབངས་ནང་པ་ཞིག་གིས་རྒྱལ་པོ་ཞལ་མདངས་ཆེ་བ་སྙམ་བྱེད་ནས་སྙུན་དྲིས་པས། རྒྱལ་པོའི་ཞལ་ནས་སློབ་དཔོན་གྱིས་ངའི་ཁ་ཟས་དྲངས་པ་གསོལ་བ་ཟིན་པ་ཙམ་ལ་ལྷ་མོ་དཀར་མོ་གཅིག་གིས་འོངས་ཏེ་ཐལ་ལྕག་ན་མོ་གཅིག་བརྒྱབ་པས་ཨེན་གཅིག་བདེ་བར་སོང་གསུངས་སོ། །དེ་ནས་ཡང་སློབ་དཔོན་ལ་ཞལ་ཟས་སྣ་ཚང་བ་གཉིས་པ་དྲངས་པས་གསོལ་བ་ཟིན་པ་ཙམ་ལ་རྒྱལ་པོ་ཞལ་མདངས་ད་ཅི་བས་ཀྱང་ཆེར་སོང་བ་སྙམ་བྱས་ནས།