ཡང་འབངས་ནང་པ་ཞིག་གིས་རྒྱལ་པོ་ལ་སྙུན་དྲིས་པས། སློབ་དཔོན་གྱིས་ཞལ་ཟས་གཉིས་དྲངས་པ་གསོལ་ཟིན་པ་ཙམ་ལ་ང་ལ་ལྷ་མོ་དམར་མོ་ཞིག་འོངས་ནས་ཐལ་ལྕག་ན་མོ་ཞིག་བརྒྱབ་བས། ད་ཅི་བས་ཀྱང་ཅུང་ཞིག་བདེ་བར་སོང་གསུངས་སོ། །ཡང་སློབ་དཔོན་གྱི་ཞལ་ནས་རྒྱལ་པོས་ཅི་གསོལ་བ་མ་ཚང་བ་མེད་པ་དྲོངས་ཤིག་གསུངས་ནས་དྲངས་བས། འབངས་ནང་འཁོར་བ་ཞིག་གིས་རྒྱལ་པོ་ལ་སྙུན་དྲིས་པས། རྒྱལ་པོའི་གསུང་གིས་སླཽབ་དཔོན་གྱིས་ངའི་ཟས་རྣམས་གསོལ་ཟིན་པ་ཙམ་ལ་ལྷ་མོ་མཐིང་ཁ་ཞིག་འོངས་ནས་ཐལ་ལྕག་ད་ཅི་བས་ཀྱང་ན་བ་ཞིག་བརྒྱབ་སོང་བས་ད་ནི་ངའི་ལུས་ལ་ནད་གང་ཡང་མེད་པར་སོང་གསུངས་པས། སློབ་དཔོན་གྱི་ཞལ་ནས་ད་རུང་རྒྱལ་པོ་སྙུང་བ་ཞིག་ཀྱང་ཡོད། ཟས་སྣ་གཅིག་ཙམ་ཡང་མ་ཚང་བ་མེད་པ་དྲོངས་ཤིག་གསུངས་པས། གཞན་ནི་མ་ཚང་བ་མེད་དེ་དྲོ་བར་གྱི་དུས་ན་འདྲེན་པའི་མཛོ་ཞོ་ལ་ཀ་ར་བཏབ་པ་དེ་མ་ཚང༌། རྒྱལ་པོའི་སྤྱན་གཅིག་ཀྱང་སྙུང་བས་དེར་དེ་དྲངས་པས་གསོལ་བ་ཙམ་ལ་རྒྱལ་པོ་ཡང་གདངས་སོ། །དེར་སློབ་དཔོན་ལ་རྒྱལ་པོས་དམ་ཚིག་ཉམས་པ་ཡང་བསྐངས་སོ། །དེ་ནས་བློན་པོ་ཀུན་ན་རེ། རྒྱལ་པོ་དང་ནམ་མཁའི་སྙིང་པོ་འཕྲད་འདོད་པ་ཡིན་ནོ་ཟེར་ནས། ཉི་མ་ཕྱེད་ཡོལ་ལ་ཁད་ཙམ་ན་བན་དེས་རྗེའི་དབུ་སྐྲ་བསིལ་ཞིག ཉི་མ་ཕྱེད་མ་ཡོལ་བ་ལ་དབུ་སྐྲ་བསིལ་མ་ཟིན་ན་ཁྱོད་རང་ལ་སྐྱོན་འབེབས་སོ་ཟེར་བས། དེར་ནམ་མཁའི་སྙིང་པོས་དེ་ལྟར་བྱའོ་གསུངས་ནས་ཉི་གྲིབ་ཀྱི་མཚམས་སུ་སེང་ལྡེང་གི་ཕུར་པ་ཞིག་བཏབ་ནས། ཕྱག་སྡིགས་མཛུབ་ཉི་མའི་དཀྱིལ་འཁོར་ལ་གཏད་དེ། ཉི་མ་ཕྱེད་ཀ་གཅིག་ཙམ་མ་བཏང་བ་ལ། ཉི་མ་སྟོད་ལ་མནན་པར་གྱུར་པས་རྒྱལ་པོའི་དབུ་སྐྲ་བསིལ་བ་ཟིན་ནས། སློབ་དཔོན་ཞལ་ནས་ད་ཕྱུགས་ལུག་རྣམས་ཚུད་ཅིག་གསུངས་པ་དང༌། ཉི་གྲིབ་མཚམས་ཀྱི་ཕུར་པ་བཏབ་པ་བཏོན་པས། ཉི་མ་དུས་དང་ཚིགས་ལ་དབང་བས་ཡུད་ཀྱིས་སོང་བས། བན་དེ་རྫུ་འཕྲུལ་ཅན་འདིས་རང་ཅག་རྣམས་ལ་མཐུ་བྱེད་དུ་འོངས་པས་གསོད་ཟེར་དུ་བྱུང་ནས། རྒྱལ་པོ་དང་སྐུ་འཆག་ཏུ་ཡོང་བ་བསྒུགས་པས། དེར་ནམ་མཁའི་སྙིང་པོས་ཐོག་ཕབས་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཞེས་ཧཱུཾ་སྒྲ་དྲག་པོ་བརྗོད་ནས་ཐོག་སྡིགས་མཛུབ་ཀྱི་རྩེ་ལ་བསྐོར་བས། བློན་པོ་ནག་པོ་རྣམས་ལ་ལ་རེངས། ལ་ལ་བརྒྱལ། ལ་ལ་བུབས་པ་དང༌། སློབ་དཔོན་གྱི་ཞལ་ནས་རྗེ་ལྷ་གཅིག་སྐུ་མ་ཉེས་སམ་གསུངས་པས། འཇིགས་པ་ཆེ་གནམ་ལྕགས་ཀྱི་ཐོག་སྒྲ་བས་ཀྱང་བན་དེའི་ཧཱུཾ་སྒྲ་དེ་རང་འཇིགས་སོ་གསུངས། བློན་པོ་ནག་པོ་ཀུན་ན་རེ། རེ་འཇིགས་རེ་འཇིགས། མཁར་ཆེ་རེ་ཆེ་ཞེས་ཟེར་རོ། །དེ་ནས་སྣུབས་ནམ་མཁའི་སྙིང་པོ་མཁར་ཆུའི་བྲག་ལ་གཤེགས་སོ། །དེ་ནས་རྒྱལ་པོའི་མནལ་ལམ་དུ་དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའ་ལ་བྱོན་ནོ། །རྒྱུ་འབྲས་ལ་བཟླ་བ་རྟོགས་གྲོལ་དུས་གཅིག་ལ་ཡོང་བའི་ཆོས་བཀའ་རྫོགས་པ་ཆེན་པོ་བྱ་བ་ཡོད་པས། བོད་ཀྱི་དགེ་སློང་མི་གཉིས་ཚོལ་དུ་ཐོངས་ཤིག་བྱ་བའི་ལུང་བསྟན་བྱུང་ནས། དེར་རྒྱལ་པོས་སྤ་གོར་ཧེ་འདོད་ཀྱི་བུ་དང་རྩངས་ཏོ་ལེགས་ཀྱི་བུ་རྩངས་ལེགས་གྲུབ་གཉིས་བོད་དུ་ཤེས་རབ་ཆེ་བར་གྲགས་ནས། དེ་གཉིས་ལ་བཀའ་ནན་བསྩལ་ཏེ་མཁན་པོ་བོ་དྷི་ས་ཏྭ་ལ་རབ་ཏུ་བྱུང་ནས་མཁན་པོས་ལོ་ཙཱ་བའི་སྒྲ་བསྒྱུར་བསླབས་ནས་རྒྱལ་པོས་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་གཅིག་བསྐུར་ནས་བཀའ་རྫོགས་པ་ཆེན་པོ་འཚོལ་ཏུ་བཏང་བས། གཅན་འཕྲང་པས་གསེར་འཕྲོག་པར་བྱས་ཏེ་སྤ་གོར་བཻ་རོ་ཙ་ནས་བྱེ་མ་གསེར་དུ་བསྒྱུར་ནས་བྱིན། དེ་ནས་རྒྱ་གར་དུ་ཕྱིན་ནས་བཀའ་རྫོགས་པ་ཆེན་པོ་ལ་སུ་མཁས་དྲིས་པས། སློབ་དཔོན་ཤྲཱི་རི་སིང་ཧ་མཁས་ཟེར་ནས་སློབ་དཔོན་གྱི་སྤྱན་སྔར་ཕྱིན། གསེར་ཕྱེ་བྲེ་གང་པོ་དང༌། གསེར་གྱི་པ་ཏྲ་ཡང་ཕྱག་ཏུ་ཕུལ་ནས་ཚེ་གཅིག་ལ་སངས་རྒྱ་བའི་ཆོས་བཀའ་རྫོགས་པ་ཆེན་པོ་བྱ་བའི་གདམས་ངག་བོད་ཀྱི་བཙན་པོ་ལྷ་སྲས་ལ་ལུང་བསྟན་བྱུང་ནས་བདག་ཆོས་འཚོལ་དུ་བཏང་བ་ལགས་པས་སློབ་དཔོན་གྱིས་གནང་བར་ཞུ་འཚལ་ཞེས་ཞུས་པས། སློབ་དཔོན་གྱི་བཀའ་གནང་བ། བོད་ཀྱི་རྒྱལ་པོའི་ཐུགས་དགོངས་དད་པ་དང་ལྡན་པ་ལ། ཁྱེད་གཉིས་བརྩོན་འགྲུས་དང་ལྡན་པ་ལེགས་པས། བཀའ་རྫོགས་པ་ཆེན་པོ་འདི་བོད་དུ་དར་བར་འགྱུར་བས་ངས་བཤད་ཀྱི་གསུངས་ནས།