R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
སློབ་དཔོན་གྱིས་གནང་བར་ཞུ། ཞུ་རྟེན་དུ་གསེར་ཕྱེ་བྲེ་གསུམ་བསྐུར་བ་འདི་ལགས། ཆོས་མ་རྙེད་ན་ངེད་རྣམས་ལ་རྒྱལ་པོས་ཆད་པ་ལ་སྐེ་གཅོད་དུ་ཡོང་བས་ཐུགས་རྗེས་འཛིན་འཚལ། ཞེས་ཞུས་པས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རིགས། །ཆོས་ལ་ཐུགས་གཞོལ་ཡོད་ཡིན་པས། ད་སྔོན་ལ་དབང་བསྐུར་དགོས་གསུང་ནས། གསང་སྔགས་ཀྱི་རྩ་བ་དབང་ཡིན་པས་དབང་མ་བསྐུར་བར་གསང་སྔགས་བཤད་དུ་མི་རུང༌། སྒྲུབ་ཏུ་ཡང་མི་རུང་གསུངས་ནས་ཟླ་གམ་དྲུག་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་བསྟན་ནས་དབང་བསྐུར། ལྷ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱིས་ཞལ་བསྟན། དེ་ནས་ཟླ་གམ་ལྔ་བཅུ་རྩ་བརྒྱད་དང༌། ཟླ་གམ་དགུ་པ་དང༌། ཟླ་གམ་གཅིག་པ་དང༌། མར་མེ་བཅོ་བརྒྱད་པ་དང༌། དཔའ་པོ་གཅིག་པ་དང༌། དུག་གསུམ་ཡོངས་སྒྲོལ་དང༌། ཐིག་ལེ་གཅིག་པ་དང༌། འབྲུ་གསུམ་དམུག་ཆུང་ལ་སོགས་པ་རིམ་པས་ཞལ་ཕྱེ་ནས་བསྟན། བདུད་རྩི་སྨན་གྱི་རྒྱུད་གསང་བ་ཡེ་ཤེས་འཁོར་ལོ། བདུད་རྩི་མཆོག་གི་ལུང་བམ་པོ་བརྒྱད་པ། མན་ངག་སྒྲོན་གསལ་ལ་ལག་ལེན་ཡང་ཁོལ། ཉིང་ཁོལ་བདུད་རྩི་ཐིགས་པ་ལ་སོགས་པ་ལ་བརྟེན་ནས་བདུད་རྩི་ཡོན་ཏན་གྱི་སྒྲུབ་པ། དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ་སྨན་ཁྲོལ་བུའི་སྒྲུབ་པ། ཏ་ཀྲི་ཏ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨན་བཏགས་གཙགས་ལ་བརྟེན་ནས་སྒྲུབ་པ། དེ་ཉིེད་རིགས་ལྔའི་དཀྱིལ་འཁོར་དུ་སྨན་ཕྱེ་མ་ལ་བརྟེན་ནས་སྒྲུབ་པ། གསང་ཆེན་རིགས་གཅིག་གི་དཀྱིལ་འཁོར་དུ་སྨན་གོང་བུ་ལ་བརྟེན་ནས་སྒྲུབ་པ། མཁའ་དབྱིངས་དག་པའི་དཀྱིལ་འཁོར་བདུན་བརྩེགས་ཀྱི་ལྷ་ངོ་སྤྲད། བཀྲ་ཤིས་དག་པའི་རྫས་ཚེ་སྒྲུབ་པ། མཁའ་དབྱིངས་དག་པ་ཡུམ་གྱི་མཁའ་ལ་ཚེ་སྒྲུབ་པ། གསང་བ་དག་པ་བྱང་ཆུབ་ཀྱི་སེམས་དཔའ་ལ་ཚེ་སྒྲུབ་པ་དང་གསུམ་གྱི་དཀྱིལ་འཁོར་དུ་ཚེ་བསྒྲུབས་ནས་འཆི་མེད་ཚེའི་དབང་བསྐུར། ཡི་ནས་དག་པའི་ཆོས་ཉིད་ཀྱི་དབྱིངས་སུ་བྱང་ཆུབ་སེམས་སྒྲུབ་པ། མཁའ་དག་པ་སྦྱོར་བ་ཆང་བྱང་སེམས་དཔའ་སྒྲུབ་པ། སྙིང་རྗེ་དག་པ་སྒྲོལ་བ་བྱང་ཆུབ་སེམས་སྒྲུབ་པ། གསང་སྔགས་སྤྱོད་པར་དབང་བསྐུར་ནས་དེ་རྣམས་ལག་ལེན་དུ་བཤད། དཔལ་ཡང་དགི་སྐོས་བྱང་རྫངས་ནས་ད་ལོ་གཅིག་སྒྲུབས་ལ་གྲུབ་རྟགས་རེ་ཐོན་པར་གྱིས་ཤིག་གསུངས་ནས། བོད་ཀྱི་བན་དེ་དྲུག་པོ་གྲོས་བྱས་པས། རླངས་དཔལ་གྱི་སེང་གེ་ན་རེ། རྒྱ་གར་གྱི་སློབ་དཔོན་གསེར་ནི་ཐོབ། ཆོས་ལ་ཕྲག་དོག་བྱས་ནས་བོད་དུ་འཕེལ་གྱིས་དོགས་ཉེན་ཡོད་པས། འོ་ཅག་སྲོག་ལ་བབས་ནེན་ཆེ་ཟེར་ནས་མི་ལྔ་བོད་དུ་འགྲོ་བར་ཆས་པ་ལ་ནམ་མཁའི་སྙིང་པོ་ནི་མ་ངན་ཡང་བུ་ལ་དུག་མི་བླུད་གསུངས། ང་གྲུབ་རྟགས་ཤིག་ཐོན་ནས་འོང་གསུངས་ནས་ཞུགས། སློབ་དཔོན་གྱི་གསུང་ནས་སྒྲུབ་པ་མི་བྱེད་པར་འགྲོ་ན་བར་ཆད་ཡོང་ཉེན་ཡོད་པས། སེང་ལྡེང་གི་ཕུར་པ་འདི་བྱིན་གྱིས་བརླབས་ཡོད་པས་འདི་ཁྱེར་གསུངས་ནས་རླངས་དཔལ་གྱི་སེང་གེ་ལ་བསྐུར་རོ། །འདི་ཁྱེད་རྣམས་ཉལ་ཁར་སྔས་སུ་ཐོབ་ཅིག བར་ཆད་འོང་ཉེན་ཡོད་དོ་གསུངས་སོ། །ཁོང་རྣམས་ལ་དངོས་གྲུབ་གནང་ནས་འོང་བ་དང༌། བལ་ཡུལ་གྱི་མཚོ་འགྲམ་ཞིག་ཏུ་ཉལ་བའི་ཚེ་རླངས་དཔལ་གྱི་སེང་གེ་ཉལ་བའི་སྔས་སུ་བཏབ་པའི་སེང་ལྡེང་གི་ཕུར་པ་དེ་ཁོང་གཉིད་དུ་སོང་བའི་དབུ་སྔས་ནས་གྲུབ་གུ་ཨུ་པེག་ཤས་བཏོན་ནས་ཁོ་རང་གི་སྔས་སུ་བཏབ་པོ། །སྔར་སློབ་དཔོན་གྱི་བཀའ་ལ་ཡིད་མ་ཆེས་པས་དམ་ཚིག་ཉམས་ནས་མཚོ་དེའི་ནང་ནས་ཀླུ་ནག་པོ་དམ་འཛིན་ཞེས་བྱ་བ་ཡོད་པས་སྦྲུལ་ནག་པོ་ཟིག་བྱུང༌། རླངས་དཔལ་གྱི་སེང་གེའི་ལུས་ལ་འཁྲིལ་ནས་རྩེ་ཆུང་བཅད་དེ་དེར་གུམ་མོ། །དེ་ནས་དགེ་སློང་བཞི་པོས་རྗེའི་སྤྱན་སྔར་ཕྱིན་ནས་ཆོས་ཕུལ་ཏེ་མི་གཉིས་པོ་གཅིག་རྒྱ་གར་དུ་བསྡད། དེར་རྒྱལ་པོ་ཐུགས་ཆེས་པ་ལ་བློན་པོ་གདུག་པ་ཅན་རྣམས་ཀྱིས་ཆོས་ལ་ཕྲག་དོག་དང་བར་ཆོད་བྱས་ཏེ། ཁྱེད་མི་དྲུག་བཏང་བ་ལ་གཉིས་མེད་པར་བྱས། ཁྱེད་རང་རྣམས་ཀྱང་སྤྱུགས་དགོས་ཟེར་ནས་འབྲེ་རྒྱལ་བའི་བློ་གྲོས་བྱང་ཐོ་ཡོར་ནག་པོར་སྤྱུགས། གྲུ་གུ་ཨུ་པེག་ཤ་ཞང་ཞུང་ཡུལ་དུ་སྤྱུགས། རུ་ཡོང་སིང་ཧ་ར་ཛ་མདོ་ཁམས་སྨད་དུ་སྤྱུགས། རུ་གྱོང་བིརྱ་ཏ་ཛ་ཀོང་པོར་སྤྱུགས། དེ་ནས་སྣུབས་ནམ་མཁའི་སྙིང་པོ་ལ་སློབ་དཔོན་ཧཱུཾ་ཀ་རས།