དེ་ཡང་རྒྱུད་ཉི་ཤུ་རྩ་ལྔ་བཤད་དེ། དང་པོ་སེམས་ཀྱི་དོན་རྩ་བ་རྒྱས་པར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྒྱས་པའི་རྒྱུད་བཤད། སེམས་ཀྱི་དོན་རྟོགས་པར་དཀའ་བས་དེ་ཉམས་སུ་བླང་བའི་ཕྱིར་ནམ་མཁའ་ཆེ་རྒྱས་པ་ཕྱི་རྟའི་རྒྱུད་བཤད། སེམས་ཀྱི་དོན་རྣམ་པར་གྲོལ་བར་བསྟན་པའི་ཕྱིར་ནམ་མཁའ་ཆེ་གྲོལ་བའི་རྒྱུད་བཤད། སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར་ཊིཀ་རྒྱལ་པོའི་རྒྱུད་བཤད། སེམས་ཀྱི་དོན་ཐིག་ལེའི་ཀློང་དུ་འདུས་པར་བསྟན་པའི་ཕྱིར་བྱང་སེམས་ཐིག་ལེའི་རྒྱུད་བཤད། སེམས་ཀྱི་དོན་རང་བྱུང་ཡེ་ཤེས་བསྟན་པའི་ཕྱིར་ཡེ་ཤེས་ཐིག་ལེའི་རྒྱུད་བཤད། སེམས་ཀྱི་དོན་རིམ་པས་རྒྱས་པར་བསྟན་པའི་ཕྱིར་མན་ངག་འཕྲེང་བའི་རྒྱུད་བཤད། སེམས་ཀྱི་དོན་ཀུན་གྱི་ཐུན་མོང་དུ་བསྟན་པའི་ཕྱིར་གསང་བ་རྒྱལ་པོའི་རྒྱུད་བཤད། སེམས་ཀྱི་དོན་རང་གིས་རྟོགས་ཤིང་ཁོང་དུང་ཆུད་པར་བྱ་བའི་ཕྱིར་ཤེས་རབ་ཡེ་ཤེས་ཐིག་ལེའི་རྒྱུད་བཤད། སེམས་ཀྱི་དོན་ཀུན་ཏུ་བཟང་པོའི་ཀློང་དུ་ཐམས་ཅད་གཅིག་པར་བྱ་བའི་ཕྱིར་དབྱིངས་རྣམ་པར་དག་པའི་རྒྱུད་བཤད། སེམས་ཀྱི་དོན་ཐམས་ཅད་མཆོག་ཏུ་བསྟན་པའི་ཕྱིར་མན་ངག་སྙིང་པོའི་རྒྱུད་བཤད། སེམས་ཀྱི་དོན་མཆོག་ཏུ་གྱུར་པ་དེ་ཉིད་ཡིད་ཆེས་པ་བསྟན་པའི་ཕྱིར་སྙིང་པོ་སིདྷིའི་རྒྱུད་བཤད། སེམས་ཀྱི་དོན་རྩ་བ་མ་ནོར་བར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད་བཤད། སེམས་ཀྱི་དོན་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར་ཉག་གཅིག་དགོངས་པའི་རྒྱུད་བཤད། སེམས་ཀྱི་དོན་མ་ནོར་བ་རྣལ་བར་བཞག་པར་བྱ་བའི་ཕྱིར་བསམ་གཏན་གཅིག་པའི་རྒྱུད་བཤད། སེམས་ཀྱི་དོན་རིམ་པར་བརྒྱུད་ནས་བསྟན་པའི་ཕྱིར་བསམ་གཏན་བརྒྱུད་པའི་རྒྱུད་བཤད། སེམས་ཀྱི་དོན་གཞུང་ཀུན་ཏུ་དགོངས་པ་བསྟན་པའི་ཕྱིར་སྒོ་མང་གི་རྒྱུད་བཤད། སེམས་ཀྱི་དོན་དབང་རིམ་པ་བཞིན་བསྟན་པའི་ཕྱིར་ནམ་མཁའ་ཆེ་དབང་གི་རྒྱལ་པོའི་རྒྱུད་བཤད། སེམས་ཀྱི་དོན་བརྗོད་པའི་ཚིག་དང་བྲལ་བར་བསྟན་པའི་ཕྱིར་ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད་བཤད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་ཇི་ལྟ་བར་འབྱུང་བ་བཞིན་དུ་བསྟན་པའི་ཕྱིར་རིན་ཆེན་འབར་བའི་རྒྱུད་བཤད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་འོད་གསལ་བར་བསྟན་པའི་ཕྱིར་རིན་ཆེན་སྒྲོན་མེའི་རྒྱུད་བཤད། སེམས་ཀྱི་དོན་དགོངས་པ་ཐམས་ཅད་རང་ལས་བྱུང་བ་བསྟན་པའི་ཕྱིར་རིན་ཆེན་འཕྲེང་བའི་རྒྱུད་བཤད། སེམས་ཀྱི་དོན་ཁམས་གསུམ་གྱི་ངང་དུ་གསལ་བར་བསྟན་པའི་ཕྱིར་ངེས་པ་སྙིང་པོའི་རྒྱུད་བཤད། སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར་རྡོ་རྗེ་གསང་བའི་རྒྱུད་བཤད། སེམས་ཀྱི་དོན་སངས་རྒྱས་ད་ལྟ་ནས་ཡིན་པའི་ཕྱིར་ཡེ་ནས་སངས་རྒྱས་ཀྱི་རྒྱུད་བཤད་དོ། །དེ་ནས་ལུང་ཆེན་པོ་བཅོ་བརྒྱད་བཤད་དེ། བྱང་ཆུབ་སེམས་ལས་འབྱུང་བའི་ཕྱིར་རིག་པའི་ཁུ་བྱུག་བཤད། རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རྩལ་ཆེན་བཤད། སེམས་ཀྱི་དོན་ཆོས་ཀྱི་དབྱིངས་སུ་རྫོགས་པ་ཁྱུང་ཆེན་བཤད། སྒོམ་པའི་དོན་དབྱིངས་སུ་རྫོགས་པ་བྱང་སེམས་སྒོམ་པ་རྡོ་ལ་གསེར་ཞུན་བཤད། སྒོམ་པའི་དོན་མཐར་ཕྱིན་པ་མི་ནུབ་རྒྱལ་མཚན་ནམ་མཁའ་ཆེ་བཤད། སེམས་སྟོང་པ་ཉིད་དུ་ལ་བཟླ་བའི་ཕྱིར་གནད་དུ་གྱུར་པ་བཤད། སེམས་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུར་བསྟན་པའི་ཕྱིར་ཡང་ཏིག་བཤད། སེམས་སྐྱེ་ཤི་མེད་པར་སྲིད་གསུམ་འཁོར་བར་སྐོར་བའི་ཕྱིར་སྲོག་གི་འཁོར་ལོ་བཤད། སེམས་ཉིད་ལ་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པའི་ཕྱིར་ཡིད་བཞིན་ནོར་བུ་བཤད། སེམས་ཀྱི་ངང་དུ་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་མཉམ་པའི་ངང་དུ་བསྟན་པའི་ཕྱིར་ཀུན་འདུས་བཤད། སེམས་ལ་ཐེག་པ་ཐམས་ཅད་རྫོགས་ཤིང་འབྱུང་བ་ཀུན་ནས་རྒྱས་པར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྒྱལ་པོ་བཤད། སེམས་ཉིད་ཀུན་ཏུ་བཟང་པོའི་ངང་ལ་བཞག་པ་ཀུན་གྱི་མཆོག་གི་གཙོ་པོར་བསྟན་པའི་ཕྱིར་རྩེ་མོ་བྱུང་རྒྱལ་བཤད། སེམས་ཀྱི་རང་བཞིན་དོན་དམ་པའི་ངང་ལ་སྤྲོས་པ་བྲལ་ཞིང་བདེ་གསལ་ལ་གནས་པའི་ཕྱིར་བདེ་འབྱམས་བཤད། སེམས་ཉོན་མོངས་པའི་སྐྱོན་གྱིས་མ་གོས་ཤིང་ཡོན་ཏན་གྱི་འབྲས་བུས་སྤུད་པའི་ཕྱིར་བདེ་བ་ཕྲ་བཀོད་བཤད།