R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།སྨད་ཚོང་པྲ་མ་ནི་ལ་ཏའི། །ཕྲུ་གུར་སྐྱེས་པ་ཚེ་འཕོས་པ། །དྷརྨ་སུ་ཏྲ་ཚེ་འཕོས་པ། །ཁྲི་བཟང་ཡབ་ལྷག་བློན་པོ་ཡིན། །དྷརྨ་ཤི་ལ་ཚེ་འཕོས་པ། །མདོ་བཞེར་སྦྲཻལ་ཆུང་བློན་པོ་ཡིན། །དྷརྨ་པྲཛྙཱ་ཚེ་འཕོས་པ། །ཁྲི་འབྲིང་ལྷ་འོད་བློན་པོ་ཡིན། །དྷརྨ་ཀ་ཡ་ཚེ་འཕོས་པ། །ཤུད་པུ་དཔལ་གྱི་སེང་གེ་ཡིན། །དྷརྨ་པུ་ཏྲ་ཚེ་འཕོས་པ། །རྒྱལ་པོ་ནང་གི་བློན་པོ་ཡིན། །དྷརྨ་མི་ཏྲ་ཚེ་འཕོས་པ། །ཏ་ར་ཀླུ་གོང་བློན་པོ་ཡིན། །བློན་པོ་དྲུག་པ་དེ་རྣམས་ཀྱིས། །འཁྱགས་པ་ཆགས་ཡུལ་མཐའ་འཁོབ་ཀྱི། །བོད་ཀྱི་ཡུལ་དུ་བྱུང་བ་ཡིན། །རྒྱལ་པོ་ཉིད་ཀྱི་བློན་པོར་གྱུར། །རྒྱལ་པོ་ཉིད་ཀྱི་རིང་ལས་བྱུང༌། །བློན་པོ་ཆོས་ལ་གནག་པ་ནི། །བློན་པོ་དྲུག་པོ་འདི་རྣམས་ཀྱིས། །སྐྱེ་བ་ཡང་སྔའི་གོང་རོལ་དུ། །དུད་འགྲོའི་ལུས་སུ་སོ་སོར་བླངས། །སྐྱེ་བ་ཡང་སྔར་ཅི་སྦྱངས་པ། །སྐྱེ་བ་འདི་ལ་མཚན་རྟགས། །སྣ་རྩེར་སྨེ་བ་ནག་པོ་ཡོད། །དབུས་འགྱུར་ཚལ་དེའི་ཡུལ་དག་ཏུ། །གླང་རྨོན་ཏ་ར་ཀླུ་གོང་དེ། །སྔར་ཡང་གླང་རྨོན་བྱས་པའི་རྟགས། །གཉའ་བའི་གོང་ན་སྨེ་བ་ཡོད། །ཡུལ་ཕྱོགས་དེའི་ཁྱི་མོ་ནི། །གནས་གཞི་བསྲུངས་པལའི་ཡན་ལག་གི། །སྔར་ཡང་གནས་གཞི་བསྲུང་པལའི་རྟགས། །དཔྲལ་བའི་དབྱིངས་ན་སྨེ་བ་ཡོད། །ཡུལ་ཕྱོགས་དེའི་བྱ་ཀ་ཐུབ། །མདོ་བཞེར་སྤྲེལ་ཆུང་བློན་པོ་ཡིན། །སྔར་ཡང་བྱ་རུ་སྐྱེས་པའི་རྟགས། །ལྟེ་བའི་ཁུང་ན་བྱ་སྤུ་ཡོད། །ཡུལ་ཕྱོགས་དེའི་ལྕེ་སྤྱང་ནི། །རྒྱ་ཏ་ངང་མི་བྱ་བ་ཡིན། །སྔར་ཡང་ལྕེ་སྤྱང་བྱས་པའི་རྟགས། །ཡ་ཐོད་ལྕེ་སྤྱང་འདྲ་བ་ཡོད། །དུད་འགྲོའི་ཚེ་འཕོས་སྨད་འཚོང་མའི། །བུ་རུ་སྐྱེས་ནས་བོད་ཡུལ་དུ། །འདུས་ཏེ་ཚོགས་པར་སྨོན་ལམ་བཏབ། །ད་ལྟ་རྒྱལ་པོའི་བློན་པོར་སྐྱེས། །བློན་པོ་རྣམས་ཀྱང་ཆོས་སྲིད་སྐྱོང༌། །ཕྱི་མ་མཐོ་རིས་ཆོས་དང་ཕྲད། །ཆོས་ལ་མི་མོས་ངན་འགྲོར་འགྲོ། །པུར་ན་པུར་མོ་བྲམ་ཟེའི་བུ། །བོ་དྷི་ས་ཏྭ་བྱ་བར་སྐྱེས། །དགེ་སློང་མང་པོ་གྲངས་མེད་ཀྱང༌། །མཁན་པོ་བྱས་ནས་རབ་ཏུ་བྱུང༌། །སྒྲ་བསྒྱུར་ཚལ་གྱི་དྲང་སྲོང་ནི། །དགེ་སློང་སིང་ཧ་ཚེ་འཕོས་པ། །དགེ་སློང་དཔལ་དབྱངས་བྱ་བར་སྐྱེས། །ན་ར་ཛ་ར་ཡུལ་དབུས་ཀྱི། །སྨད་འཚོང་སྙིང་པོ་བརྟུལ་ཞུགས་དང༌། །དྲང་སྲོང་ཀུ་མ་ར་ཛའི་བུ། །དགེ་སློང་རྒྱལ་བུ་སྙིང་པོ་དེ། །ཚུལ་ཁྲིམས་བསྲུངས་ཏེ་ཚེ་འཕོས་པ། །རྒྱལ་བ་མཆོག་དབྱངས་ཞེས་བྱར་སྐྱེས། །རྒྱ་གར་ཡུལ་གྱི་མུ་ཏྲ་ན། །བྲམ་ཟེ་གྷུན་སི་དྷི་དང༌། །རྒྱལ་པོ་ལེགས་བཞེར་དཔལ་མོའི་བུ། །དགེ་སློང་ཛེ་ཏ་ཚེ་འཕོས་པ། །ནམ་མཁའི་སྙིང་པོ་བྱ་བར་སྐྱེས། །རྡོ་རྗེ་གདན་གྱི་སྨད་འཚོང་མ། །ཀུ་མ་ཧ་སྙོམས་རུ་མ་དང༌། །དྲང་སྲོང་ཀུ་མ་དུ་རྩིའི་བུ། །དགེ་སློང་འཇམ་དཔལ་ཚེ་འཕོས་པ། །ཀླུའི་རྒྱལ་མཚན་བྱ་བ་སྐྱེས། །གའུ་ཅིག་ཏ་ཞེར་ལའི་བུ། །སྨད་འཚོང་བུ་མོ་ནི་རའི་བུ། །རྒྱ་གར་ཡུལ་ནས་ཚེ་འཕོས་པ། །ཀ་བ་དཔལ་བརྩེགས་བྱ་བར་སྐྱེས། །ལྕགས་ཀྱི་སྡོང་པོའི་གླང་ཆེན་གྱི། །ཀླུ་མོ་ཉིད་འགྱུར་ཚེ་འཕོས་པ། །དྲན་པ་ནམ་མཁའི་བྱ་བར་སྐྱེས། །དྲང་སྲོང་བུ་མོ་སེར་སྐྱ་ལྔ༌། །རྒྱ་གར་ཡུལ་ནས་ཚེ་འཕོས་པ། །དགེ་སློང་མི་ལྔ་དག་ཏུ་སྐྱེས། །དགེ་ལྡན་བདེ་སྐྱིད་རྒྱལ་བུ་གཉིས། །རྒྱ་གར་ཡུལ་ནས་ཚེ་འཕོས་པ། །ཡེ་ཤེས་དབྱངས་དང་བྲན་ཀ་གཉིས། །ལེགས་དྲུག་དགེ་སློང་དར་སྐྱེས་དེང༌། །ཚ་བ་རོང་གི་རྒྱལ་མོའི་བུ། །དགེ་སློང་པུར་ན་ཚེ་འཕོས་པ། །བཻ་རོ་ཙ་ན་བྱ་བར་སྐྱེས། །བདག་འདྲ་པད་མ་འབྱུང་གནས་ཀྱིས། །སྔ་མ་ཅི་ཡིན་དེ་ལྟར་ཤེས། །རྒྱལ་པོ་ཉིད་ཀྱི་སྐུ་རིང་ལ། །ཆོས་ཁྲིམས་ཤིན་ཏུ་དར་བ་འོང༌། །ཞེས་གསུངས་པས། །བོད་རུ་བཞི་རྒྱལ་པོའི་མངའ་འོག་ཏུ་བསྡུས་པ་རྣམས་རྗེས་ཡི་རང་ངོ༌། །རྒྱལ་པོས་ཀྱང་ཆོས་ཁྲིམས་དར་གྱི་མདུན་པ་འདྲ་བ་མཛད་དོ། །ཆོས་ཁྲིམས་བསྡམས་ནས་རབ་ཏུ་བྱུང་བ་རྣམས་གྱི་བཏིང་སྟེ་དབུའི་མཆོད་གནས་སུ་བཞག་གོ། །རབ་ཏུ་བྱུང་བའི་སྡེ་བཅུགས། ཆོས་གང་ལ་མོས་པ་ཅི་དགར་སྤྱོད་པ་བཀས་གནང༌། མི་སྐྱ་ཕོ་མོ་ལ་ཡང་ཡིག་རྩིས་གང་སློབ་ཀྱང་སློབ་པལར་གནང༌། བདེ་བར་གཤེགས་པའི་བཀའ་གསུང་སྒྲོག་པ་དང༌།