R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
བཀའ་ཡི་གེར་འདྲི་བ་པོ་རྣམས་ལ་མཆོད་གནས་སུ་མིང་བཏགས་ནས་གནང་བ་བྱིན་ནོ། །ཤེས་རབ་སུ་ཆེ་བ་དང་ཁ་ལྕེ་བདེ་བ་རྒྱ་གར་ཡུལ་དུ་ཆོས་དང༌། སྒྲ་བསྒྱུར་སློབ་ཏུ་བཏང་ངོ༌། །འཕྲལ་སྐད་ཆོས་སྐད་ཐམས་ཅད་སློབ་དཔོན་བོ་དྷི་ས་ཏྭ་ལ་བསླབས། རབ་ཏུ་བྱུང་བའི་མཁན་སློབ་གཉིས་ཀ་སློབ་དཔོན་བོ་དྷི་ས་ཏྭས་མཛད། རྒྱལ་པོས་ཆོས་ཁྲིམས་བཅས་པའི་དུས་ལགས་སོ། །དེ་ནས་ཡང་མངའ་བདག་རྒྱལ་པོའི་ཐུགས་ལ། དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་བྱེད་པ་ལ་རྒྱ་གར་ཡུལ་ནས་པཎྜི་ཏ་མཁས་པ་སློབ་དཔོན་བི་མ་ལ་སྤྱང་དྲང་དགོངས་ནས། སློབ་དཔོན་དེ་ཡང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཏེ། རྒྱལ་པོ་དྷརྨ་ཨ་ཤོ་ཀ་བྱ་བའི་སྲས་མོ་ལྷ་ལྕམ་དྷརྨ་བོདྷི་བྱ་བ་ཤིན་ཏུ་མཛེས་པ་ལྷའི་བུ་མོ་འདྲ་བ་ཞིག་ཡོད་པ་ལ། དེ་གཉིད་ལོག་པའི་རྨ་ལམ་ན་མི་དཀར་པལོ་ཤིན་ཏུ་མཛེས་པ་འོད་ཟེར་འཕྲོ་བ་ཞིག་བྱུང་ནས། བདུད་རྩི་བུམ་པ་གང་སྤྱི་བོ་ཚངས་པའི་བུ་ག་ན་མར་སོང་ནས་ལུས་བདེ་བས་གང་བ་ཞིག་རྨིས། ལུས་ལ་མ་བདེ་བ་མེད་པར་བུ་ཚ་གཅིག་བཙས་ཏེ། ཁྱོ་མེད་པའི་བུ་ངོ་ཚ་ནས་བྱེ་མའི་གསེབ་ཏུ་བོར་བས་མིག་ཁྲ་ཧྲིག་གེ་འདུག་སྟེ་ཡང་བླངས་ནས་གསོས་པས། ཞག་དང་ཟླ་བ་གཞན་བས་སྐྱེད་ཆེ་བ་ཞིག་བྱུང་ནས་ལོ་ལྔ་ལོན་ནས་རིག་པའི་གནས་ཐམས་ཅད་ལ་སྦྱངས་པས་ལྷག་པར་ཆོས་ལ་མཁས་པར་གྱུར་ཏོ། །མིང་ཡང་བྱེ་མ་ལ་མིག་ཁྲར་བཏགས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་དང༌། རྨ་རིན་ཆེན་མཆོག་དང་གསུམ་ལ། གསེར་ཕྱེ་བྲེ་ཞི་གཅིག་བརྫངས་ནས་རྒྱ་གར་གྱི་འབྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་ནང་བཞུགས་པའི་ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་ལ་གསེར་འདི་ཕུལ་ལ། ངའི་གསེར་ཕུལ་བའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་གཅིག་ཞུ་གྱིས་ལ། ལོ་ཙཱ་བ་ཁྱེད་གསུམ་གྱིས་སྤྱན་དྲོངས་ཤོག་གསུངས་ནས་བཏང་ངོ༌། །དེ་ནས་ལོ་ཙཱ་བ་གསུམ་གྱིས་འབྲི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་རྒྱལ་པོ་ལ་གསེར་ཕུལ་ནས་ཞུས་པ་ནི། ངེད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཏང་བ་ལགས། གསེར་ཕུལ་བའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་གཅིག་བརྫང་བར་ཞུ་ཡིན་གདའ་བས་གནང་བར་ཞུ་ཞེས་ལོ་ཙཱ་བ་གསུམ་གྱིས་ཞུས་པས། རྒྱལ་པོའི་ཞལ་ནས། འོ་ན་པཎྜི་ཏ་ལྔ་བརྒྱ་ནངས་པར་ཚ་བ་ལ། འདིར་ཚོགས་པའི་གྲལ་དུ་ཞུ་དགོས་གསུངས་ནས། རྒྱལ་པོས་ཀྱང་གསེར་གྱི་མཎྜལ་རེ་ཕུལ་ནས་ཞུས་པ། བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ང་ལ་སྐྱེས་སུ་གསེར་བསྐུར་ནས། དེའི་ལན་དུ་པཎྜི་ཏ་མཁས་པ་གཅིག་ཞུ་བྱ་བ་བྱུང་ནས་ལོ་ཙཱ་བ་འདི་གསུམ་སྤྱན་འདྲེན་དུ་བཏང་བ་ཡིན་པས། ཁྱེད་རྣམས་ཀྱི་ནང་ནས་ཕྱི་ནང་གི་ཆོས་ལ་མཁས་པ་གཅིག་གཤེགས་འཚལ་ཞེས་གསུངས་པས། པཎྜི་ཏ་ལྔ་བརྒྱའི་ནང་ན་མཁས་པ་ཆེན་པོར་གྱུར་པ། སློབ་དཔོན་ཆེན་བི་མ་ལ་མི་ཏྲ་གུང་གྲལ་ལ་བཞུགས་པས། གཡས་ཀྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ། གཡོན་གྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ་པོས། དབུས་ཀྱི་སློབ་དཔོན་བི་མ་ལ་མི་ཏྲ་ལ་སྤྱན་རེ་རེ་བལྟས་པས། དོན་གྱིས་སོང་ཞིག་པར་བསྐུལ་ནས། སློབ་དཔོན་བི་མ་ལ་མི་ཏྲ་བཞེངས་ཏེ། བོ་དྷི་ས་ཏྭ་དྷ་ཐིམ་ཞེས་ལན་གསུངས་པས། ལོ་ཙཱ་བ་ལ་གསུམ་པོ་ལ་གོ་བ་མི་འདྲ་བ་གསུམ་སྐྱེས་སོ། །འབྲོ་ཀ་བ་དཔལ་བརྩེགས་ཀྱི་གོ་བ་ལ། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུས་མཐེབ་མཛུབ་རྩོལ་ཕོད་ན། །མདས་ཀྱང་འབེན་ངོར་ཕྱིན་པར་ནུས། །ཞེས་གསུངས་ནས་བཞུད་པར་གོ། །རྨ་རིན་ཆེན་མཆོག་གི་གོ་བ་ལ། ཉག་ཐག་དག་ལ་བརྟེན་པའི་གྲུ། །སྐྱེས་བུའི་སྐྱ་བས་རྩོལ་ཕོད་ན། །གྲུས་ཀྱང་ཆུ་ལ་སྒྲོལ་བར་འགྱུར། །ཞེས་གསུངས་ནས་གཤེགས་པར་གོ །ལྕོག་རོ་ཀླུའི་རྒྱལ་མཚན་གྱི་གོ་བ་ལ། ཡོན་ཏན་དག་དང་ལྡན་པའི་མི། །ཡང་ཡུལ་མིན་པའི་ས་ཕྱོགས་སུ། །ལུས་ཀྱི་བུམ་པ་གར་འདྲེན་པ། །སེམས་ཆུ་བོ་གཞན་དུ་འབོ། །ཞེས་གསུངས་ནས་གཤེགས་པར་གོ །དེ་ནས་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱིས་བཀའ་ཕབ་ནས། སློབ་དཔོན་བི་མ་ལ་མི་ཏྲ་ལོ་ཙཱ་བ་གསུམ་གྱིས་སྤྱན་དྲངས་ནས་ཀ་བ་ལི་སོར་བཟི་པ་གཅིག་ལ་རྒྱ་ཡིག་བདུན་བྲིས་པ་ཞིག་བསྣམས་ནས་བྱོན་ནོ།