R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།དེར་བསམ་ཡས་སུ་ཕྱག་ཕེབས་ནས་རྒྱལ་པོ་རྗེ་འབངས་རྣམས་ཀྱིས་བསུ་བ་བྱས། བསམ་ཡས་སུ་འཁོར་ས་ཆེན་མོར་སྤྱན་དྲངས་པ་དང་རྒྱལ་པོ་ལ་ཡང་ཕྱག་མ་མཛད། ལྷ་ལ་ཡང་ཕྱག་མ་མཛད་པས། བློན་པོ་རྣམས་ཀྱིས་ངེད་ཀྱིས་ལྷ་ཁང་འདིར་སྔར་ཡང་པཎྜི་ཏ་མང་པོ་སྤྱན་དྲངས། ད་ཡང་སྤྱན་འདྲེན་པས་ཁྱེད་ཀྱིས་རྒྱལ་པོ་ལ་ཡང་ཕྱག་མི་འཚལ། ལྷ་ལ་ཡང་ཕྱག་མི་འཚལ་པ་ཇི་ཙུག་ལགས་བྱས་པས། ཁྱེད་རྒྱལ་བློན་རྣམས་ཀྱིས་ཕྱག་གི་དོན་མི་ཤེས་སམ་གསུངས་པས། རྒྱལ་པོས་ཕྱག་གི་དོན་མི་ཤེས་གསུངས་པས། ངས་ལྷ་དང་གཉིས་སུ་མེད་པའི་ཕྱག་གཅིག་བཙལ་ཟིན། ཕྱག་ལྷས་མི་ཐེག་པས། ལྷ་ལ་ཡང་ཕྱག་མི་འཚལ། རྒྱལ་པོ་ལ་ཡང་ཕྱག་མི་འཚལ་ལོ་ཞེས་གསུངས་པས། རྒྱལ་པོའི་ཐུགས་ལ་འོ་ན་ནང་པ་སངས་རྒྱས་པ་རང་ཡིན་ནམ། ཕྱི་པ་མུ་སྟེགས་ཤིག་རང་ཡིན་ནམ་སྙམ་ནས། སློབ་དཔོན་གྱིས་རྒྱལ་པོ་ལ་ཐུགས་ཡིད་མ་ཆེས་སམ་གསུངས། བི་མ་ལས་ཆོས་གོས་གསོལ་ནས་རྫུ་འཕྲུལ་གྱིས་ཕྱག་མཛད་པ། རྣམ་པར་སྣང་མཛད་གཟུགས་སྐུ་ལ། །བི་མ་ལ་ཡེ་ཤེས་ལྷ་དེའི་ཕྱག །ཀུན་རྫོབ་ངོ་བོས་ཕྱག་འབུལ་ལོ། །ཞེས་ཕྱག་འཚལ་བའི་ཚུལ་བྱས་པས། རྣམ་པར་སྣང་མཛད་དབུའི་གཙུག་ནས་ཞབས་གདན་ཁྲིའི་བར་གས་སོ། །རྒྱལ་པོའི་ཐུགས་ལ། མུ་སྟེགས་པ་རང་ཡིན་པར་འདུག་སྙམ་ནས། ཞལ་ངོ་ནག་ཏིང་ངེར་སོང་བ་དང༌། ཡང་སློབ་དཔོན་གྱིས། རྒྱལ་པོ་ཡིད་མ་ཆེས་སམ་མ་དགྱེས་སམ་གསུངས་པས། མ་དགའ་ཞུས་སོ། །ཡང་སློབ་དཔོན་གྱིས། རྣམ་པར་སྣང་མཛད་ཡེ་ཤེས་ལྷའི་ལྷ། །བི་མ་ལ་མི་ཏྲ་ཡེ་ཤེས་ལྷས། །ཡེ་ཤེས་ལྔ་ལྡན་རྟགས་ཀྱི་དབང་བསྐུར་རོ། །ཞེས་གསུངས་ནས། རྣམ་པར་སྣང་མཛད་ཀྱི་སྤྱི་བོར་ཕྱག་བཞག་པས། སྔོན་ལ་དབུ་རྩེ་རིགས་གསུམ་འོད་ཀྱིས་ཁྱབ། དེ་ནས་བསམ་ཡས་ཀྱི་ལྷ་ཁང་འོད་ཀྱིས་ཁྱབ་པར་གྱུར་ནས་རབ་ཏུ་གནས་པ་ཡང་མཛད་དོ། །དེ་ནས་རྒྱལ་པོ་ལ་ཕྱག་བགྱི་འོ་གསུངས་ནས་ཕྱག་གནང་བས། རྒྱལ་པོ་ལ་ཕྱག་བགྱི་འོ་གསུངས་ནས་ཕྱག་གནང་བས། རྒྱལ་པོའི་གསུང་ནས་ཕྱིར་དགེ་སློང་གི་དགེ་འདུན་ཡིན། ནང་གསང་སྔགས་ཀྱི་གྲུབ་པ་བརྙེས་པའི་རྣལ་འབྱོར་པར་འདུག ཕྱག་མི་མཛད་པར་ཞུ་ཞུས་པས། བི་མ་ལའི་ཞལ་ནས། བོད་ཆོས་སྐྱོང་བའི་རྒྱལ་པོར་འདུག་པས་ཅེས་ཀྱང་ཕྱག་འཚལ་གསུངས་ནས། ཕྱག་བསྟབས་པས། རྒྱལ་པོའི་ན་བཟའ་སློབ་དཔོན་གྱི་སྐུའི་འོད་ཟེར་གྱིས་ཧྲོག་ཧྲོག་ཚིག་པས། རྒྱལ་པོས་བི་མ་ལ་ལ་ཕྱག་དབུ་ཐོད་བུད་བུད་འཚལ་ལོ། །དེ་ནས་སློབ་དཔོན་བི་མ་ལ་མི་ཏྲ་གདན་སེང་གེའི་ཁྲི་ལ་བཞུགས། གབ་རྩེ་དགུ་རྩེག་གི་གདན་བཏིང་ནས་ཟ་འོག་གི་སྨུག་བེར་སྐུ་ལ་གསོལ། འཇིག་རྟེན་གྱི་ཞལ་ཟས་རྣམ་པ་མང་པོ་དྲངས། གསེར་ཕྱེ་བྲེ་གསུམ་དངུལ་གྱི་བུམ་པར་བླུགས་ནས་ཕུལ་བས། སློབ་དཔོན་གྱིས་ཞལ་གནག་ཚོམ་མེར་བཞུགས་ནས་ཅི་ཡང་མི་གསུངས། རྒྱལ་པོའི་ཐུགས་ལ་ལྷོ་བལ་འདོད་པ་ཅན། ད་དུང་མ་ཚིམ་པར་འདུག་སྙམ་པ་དང༌། རྒྱལ་པོའི་ཐུ་བར། སློབ་དཔོན་གྱིས་བྱེ་མ་བྲེ་གསུམ་བླུགས་ནས་དར་ཅིག་བཟུང་ཙ་ན་རྒྱལ་པོའི་ཐུ་བས་ཐུབ་པར་བྱེ་མ་གསེར་དུ་སོང་འདུག རྒྱལ་པོ་ཆེན་པོ། ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད། རྒྱལ་པོ་ཚོགས་རྫོགས་པར་བྱ་བའི་ཕྱིར་དུ། རེ་ཞིག་འབུལ་བ་བླང་གིས་གསུངས་སོ། །སློབ་དཔོན་བི་མ་ལ་སྤྱན་དྲངས་པའི་ལོ་རྒྱུས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སེང་ངའི་ཡུལ་ནས། སློབ་དཔོན་དྷ་ན་ཤི་ལ་བྱ་བའི་མཁས་པ་ཆེན་པོ་སྤྱན་དྲངས། རྒྱ་ནག་པོའི་ཡུལ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས། ཟ་ཧོར་ཡུལ་ནས་སློབ་དཔོན་བོ་དྷི་ས་ཏྭ་དང༌། ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ། ཨུ་རྒྱན་གྱི་སློབ་དཔོན་པད་མ་འབྱུང་གནས་དང༌། སློབ་དཔོན་ཆེན་པོ་རྣམ་པ་ལྔ༌། ལོ་ཙཱ་བ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་བན་དེ་ཡེ་ཤེས་སྡེ། རྨ་རིན་ཆེན་མཆོག ཛྙཱ་ཀུ་མ་ར། ལོ་ཙཱ་བ་མཆན་བུ་འདན་མ་རྩེ་མང༌། སྣུབས་ནམ་མཁའི་སྙིང་པོ། ཨ་ཙརྱ་ཡེ་ཤེས་དབྱངས། མགོ་འབྲོམ་པུས་འབྱིན། ལོ་ཀི་ཆུང༌། དེ་ལྟར་ལོ་པཎ་མང་པོ་སྤྱན་དྲངས། རྒྱལ་པོས་ཆོས་གསུང་བར་ཞུ་བ་ཕུལ་རེ། སློབ་དཔོན་པད་མ་འབྱུང་གནས་ནི། སྐུ་མངའ་སྤངས་པས་པད་མ་ལས་སྐུ་འཁྲུངས་པའི་ཕྱིར་ཁམས་གསུམ་དབང་དུ་སྡུད་ཅིང༌།