དྲེགས་པ་ཟིལ་གྱིས་གནོན་པའི་མཐུ་མངའ་བ་ཡུལ་གར་བྱོན་ཡང་ཡུལ་དེའི་ལྷ་སྲིན་གྱིས་སྲོག་སྙིང་ཕུལ། ཁྱད་པར་དུ་ཡང་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་ས་གཞི་བཏུལ་བས་གདན་སེང་གེའི་ཁྲི་གསུམ་བརྩེགས་ལ་བཞུགས། སློབ་དཔོན་བི་མ་ལ་མི་ཏྲ་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་ཆེན་པོ་ཡིན་པས་བཀའ་རྒྱ་མཚོ་སྔགས་ཕྱི་ནང༌། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་ཤེས་པས་གདན་སེང་གེའི་ཁྲི་ཉིས་བརྩེགས་ལ་བཞུགས་སོ། །པཎྜི་ཏ་གཞན་རྣམས་ནི་གདན་སེང་གེའི་ཁྲི་རེ་རེ་ལ་བཞུགས་སོ། །ལོ་ཙཱ་བ་རྣམས་ནི་ཁྲི་གབ་རྩེ་ལ་བཞུགས་སོ། །རྒྱལ་པོས་གསེར་གྱི་མཎྜལ་རེ་ཕུལ་ནས། རྒྱ་ནག་གི་ང༌། བལ་པོའི་གོ་ལ། བོད་འབྲུ་ཆང༌། རྒྱ་གར་གྱི་འབྲས་ཆང་དྲངས། ཕྱག་འཚལ་སྐོར་བ་བྱས་ནས་ཞུས་པ། ཨེ་མ་ཧོ། བདག་ནི་ཆོས་སྐྱོང་རྒྱལ་པོར་ཞལ་བཞེས་པས། རྒྱ་གར་ཡུལ་ན་བཞུགས་པ་ཡི། ཆོས་བཀའ་དང་བསྟན་བཅོས་རྒྱུད་ལུང་གཅིག་ཀྱང་མ་ལུས་པར་འདིར་ནི་གསུང་དུ་གསོལ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ། དམ་པའི་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ། དམ་པའི་ཆོས་ཀྱི་རྔ་ཆེན་རྡུང་དུ་གསོལ། དམ་པའི་ཆོས་ཀྱི་དུང་ཆེན་འབུད་དུ་གསོལ། དམ་པའི་ཆོས་རྒྱལ་མཚན་སྒྲེང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ལོ་པཎ་རྣམས་ཨརྱ་པ་ལོའི་གླིང་དུ་སྤྱན་དྲངས། སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར། རྣམ་པར་སྣང་མཛད་གླིང་དུ་ཆོས་བཤད། ལོ་ནི་བཅུ་གསུམ་དུ་ཆོས་གྲྭ་བཙུགས། ཨུ་རྒྱན་སྐད་དང༌། ཟ་ཧོར་སྐད། ཁ་ཆེའི་སྐད་དང༌། ལིའི་སྐད། རྒྱ་གར་རྒྱ་ནག་སྐད་དུ་བསྒྱུར་ནས་བཤད། དེ་ནས་རྒྱ་གར་གྱི་སློབ་དཔོན་དྷ་ན་ཤི་ལ་དང༌། ཛི་ན་མི་ཏྲ་དང༌། ཀ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་དང༌། སྣ་ནམ་གྱི་བན་དེ་ཡེ་ཤེས་སྡེ་དང༌། དེ་རྣམས་ཀྱིས་སྒྲ་བསྒྱུར་དང་ལོ་ཙཱ་བ་བྱས་ནས། ཆོས་མདོ་སྡེ་དཀོན་མཆོག་བརྩེགས་པ་དང༌། ཕལ་པོ་ཆེ་དང༌། ལང་ཀར་གཤེགས་པ་དང༌། མྱ་ངན་ལས་འདས་པ་དང༌། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐོར་མ་ལུས་པ་དང༌། རྒྱ་ནག་གི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང༌། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་དཔང་སྐོང་ཕྱག་སྟོང་པ་ལ་སོགས་པ་མདོ་སྡེ་རྒྱ་ནག་མ་མང་པོ་བསྒྱུར། སློབ་དཔོན་བོ་དྷི་ས་ཏྭ་དང༌། ལོ་ཙཱ་བ་དང་མཆན་བུ་བ་རྣམས་ཀྱིས་མདོ་སྡེ་དང༌། འདུལ་བ། མངོན་པ་གསུམ་གྱི་གཞུང་ཐམས་ཅད་བསྒྱུར་རོ། །གཞན་ཡང་སྨན་བླ་དང༌། དོན་ཞགས། སྒྲོལ་མ། རྣམ་རྒྱལ། རྣམ་འཇོམས། གདུགས་དཀར་ལ་སོགས་པ་ཕྱི་ཀྲི་ཡོག་ཨུ་པ་ལ་སོགས་མང་པོ་བསྒྱུར་རོ། །སློབ་དཔོན་བི་མ་ལ་མི་ཏྲ། ལོ་ཙཱ་བ་སྙགས་ཛྙཱ་ན་ཀུ་མ་ར་དྲི་མེད་ཟླ་ཤར་གྱིས་བཀའ་རྫོགས་པ་ཆེན་པོའི་སྐོར་དང༌། གསང་སྔགས་ཕྱི་ནང་མང་པོ་བསྒྱུར་རོ། །སློབ་དཔོན་པད་མ་འབྱུང་གནས་དང༌། ལོ་ཙཱ་བ་སྣུབས་ནམ་མཁའི་སྙིང་པོ་དང༌། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སྒྲུབ་པ་བཀའ་བརྒྱད་དང༌། བཀའ་བརྒྱད་ཡོངས་རྫོགས། གསང་སྔགས་རྫོངས་འཕྲང་ལ་སོགས་པ། གཞན་ཡང་དྲག་སྔགས་ཐོག་སེར་བསྟན་སྲུང་མང་པོ་བསྒྱུར་རོ། །དེའི་སྐབས་སུ་སྤ་གོར་བཻ་རོ་ཙ་ནས་རྒྱལ་མོ་ཚ་བའི་རོང་ནས་རྒྱལ་བུ་གཡུ་སྒྲ་སྙིང་པོ་བཏང་སྟེ་ངས་རྒྱ་གར་ནས་དཀའ་བ་སྤྱད་ནས་སློབ་དཔོན་ཤྲཱི་སིང་ཧས་གསུངས་པའི་ཆོས་འདི་ཡང་དག་པའི་ཆོས་ཡིན་པར་འདུག་གམ་མི་འདུག་ལྟོས་ལ་ཤོག་ཅིག ད་ལྟ་ལོ་པཎ་མང་པོ་ཚོགས་ནས་བསམ་ཡས་ན་སྒྲ་བསྒྱུར་དང་ཞུས་དག་མང་པོ་བྱེད་ཀྱི་ཡོད་པས་དེར་སོང་ཞིག་ཟེར་ཏེ། སློབ་དཔོན་བི་མ་ལ་མི་ཏྲས་བཀའ་རྫོགས་པ་ཆེན་པོ་གསུངས་པ་ལས། སྔ་དྲོ་བི་མ་ལ་ལ་རྒྱལ་པོ་རྗེ་འབངས་ཀྱིས་ཆོས་གསན། ཕྱི་དྲོ་གཡུ་སྒྲ་སྙིང་པོ་ལ་གསན་པས། མཉམ་ཀྲི་ལི་ལི་བྱུང་བས། དེར་བོད་ཀྱི་བློན་པོ་རྣམས་ཀྱང་སྤ་གོར་བཻ་རོ་ཙ་ན་སྤྱུགས་པ་ལ་འགྱོད་ནས་སླར་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙ་ན་སྤྱན་དྲངས་ཏེ། དང་པོ་རྒྱ་གར་ཡུལ་དུ་ཆོས་འཚོལ་བར་བཏང་བས་གཅན་འཕྲང་ལ་སྒྱུ་མའི་གསེར་གྱིས་བསླུས། རྐང་མགྱོགས་གྲུབ་པས་རྐང་མགྱོགས་ཀྱིས་མ་ཟིན། ལེགས་གྲུབ་གཅན་འཕྲང་པས་བསད། ཉ་སུལ་དགྲོས།
༼རི་སུལ་བགྲོད།༽
སྒྱུ་མ་བལྟས་ཀྱང་གསེར་མེད་པས།