དེ་ཚུར་བཅད་རྐང་མགྱོགས་འཕྲང་སྲུང་བ་མེད་དེ་དྲིན་ཆེ། སྤ་གོར་བཻ་རོ་ཙ་ནས་སྒྲ་བསྒྱུར་ཉི་ཤུ་རྩ་གཅིག་ཤེས་པས་གཞན་བས་་་་་་་་་་་་་་་་་་་་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པ་སྡིག་པའི་དོང༌། སྦལ་བའི་དོང༌། ཤིག་དོང་དུ་བསྐྱུར་བས་མ་ཤི་བ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པས། གདན་སེང་གེའི་ཁྲི་གཅིག་བརྩེགས་ནས་བཞུགས་སོ། །བོད་ཀྱི་རྒྱལ་བློན་རྣམས་ཀྱིས་ཀྱང་སྤྱུགས་པ་ལ་འགྱོད་པ་སྐྱེས་བཤགས་པ་ཕུལ། ཞབས་སྤྱི་བོར་བླངས་སོ། །དེ་ནས་བཻ་རོ་ཙ་ནས་ཆོས་མང་པོ་བསྒྱུར་རོ། །ལོ་པཎ་མང་པོས་བཀའ་བསྟན་བཅོས། ལུང་མན་ངག བཀའ་ཕྱི་ནང༌། སྔགས་ཕྱི་ནང་རྒྱུད་འགྲེལ་མང་པོ་བསྒྱུར་ནས། ཆོས་ཀྱི་འཁོར་སོ་བསྐོར་རོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་རྣམས་ལ་གསུངས་པ། བདག་བསོད་ནམས་ཀྱང་རབ་ཏུ་བྱུང༌། བསམ་པ་ཐམས་ཅད་ཀྱང་ཡིད་བཞིན་དུ་གྲུབ། དམ་པའི་ཆོས་ཀྱང་མ་ལུས་པ་ཉི་མ་ཤར་བ་ལྟ་བུ་བྱུང༌། རྒྱ་དཀར་ནག་གི་ཆོས་ཀྱང་མ་ལུས་པར་བོད་དུ་བསྒྱུར་ཞིང༌། ཆོད་བཤད་པ་བཀའ་དྲིན་ཆེ། བདག་ལ་ཚེ་ཡང་རབ་ཏུ་རིང་བའི་ཆོས་གཅིག་ཞུ་འཚལ་ཞེས་ཚོགས་ཀྱི་འཁོར་ལོ་ཡང་ཡང་བསྐོར་ནས་ཞུས་པས། སློབ་དཔོན་པད་མས་གསུངས་པ། རྒྱལ་པོ་མངའ་ཐང་ཆེ་བ་དང༌། །བོད་ཁམས་དད་པ་སྐྱེས་པ་ཡིས། །ཅུང་ཞིག་རྒྱལ་ཁམས་དར་བར་མཆི། །གླང་གི་ལོའི་ལོ་ཕུད་ལ། །རྒྱལ་པོས་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས། །དེ་ལ་རྒྱལ་པོ་འདའ་དུས་ཡིན། །སྐུའི་རིམ་གྲོ་བགྱིས་པ་ཡིས། །མི་ལོ་བཅུ་གསུམ་སྐུ་ཚེ་བསྲིངས། །དེ་ལ་རྒྱལ་པོ་དགུང་དུ་གཤེགས། །རྒྱལ་སྲིད་མངའ་ཐང་ཆུང་དུ་འགྲོ། །དེ་འདས་ཕྱག་ན་རྡོ་རྗེའི་སྤྲུལ་པ་གཅིག །རྒྱལ་པོ་རལ་པ་ཅན་ཞེས་བྱ། །གདུང་རབས་གསུམ་ནས་འབྱུང་བར་འགྱུར། །དེ་ཡིས་བསྟན་པ་རྒྱས་པར་བྱེད། །རྒྱལ་པོ་དེའི་ཚེ་སྨད་ལ། །བདུད་ཀྱི་རྒྱལ་པོ་སྡིག་སྤྱོད་ཅན། །གླང་གི་མིང་ཅན་འབྱུང་ནས་ནི། །དམ་པའི་ཆོས་ཁྲིམས་སྣུབ་པར་བྱེད། །དུས་ངན་འབྱུང་བ་གདོན་མི་ཟ། །རྒྱལ་ཁྲིམས་ཞིག་ནས་རྒྱལ་པོ་གསོད། །བོད་འབངས་སིལ་བུ་ཕྱོགས་བཅུར་ཆད། །རྒྱལ་པོའི་སྐུའི་རིམ་གྲོ་གྱིས་ཤིག །གསུངས་ནས་པཎྜི་ཏ་དང་ལོ་ཙཱ་བ་རྣམས་བཀའ་གྲོས་མཛད་དེ། ཕྱིའི་བསྐོངས་རིམ་གྲོར་ཐུགས་དམ་རྒྱལ་པོའི་མདོ་བཅུ་བསྒྱུར་ཏེ། ཤེས་རབ་སྙིང་པོ་ལྟ་བའི་མདོ། འདའ་ཀ་ཡེ་ཤེས་སྒོམ་པའི་མདོ། བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོ། རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ། བཟང་པོ་སྤྱོད་པ་སྨོན་ལམ་མདོ། ཚེ་དཔག་མེད་ཚེ་བསྲིངས་པའི་མདོ། གོས་སྔོན་ཅན་སྲུང་བའི་མདོ། ནོར་རྒྱུན་མ་ནོར་སྒྲུབ་པའི་མདོ། གཙུག་ཏོར་དཀར་མོ་བཟློག་པའི་མདོ། ཡི་གེ་གཅིག་མ་སྙིང་པོའི་མདོ། དེ་རྣམས་བསྒྱུར་ནས་རྒྱལ་པོའི་ཐུགས་དམ་དུ་ཕོག་ནས་ནར་མར་མཛད། ནང་བསྐོངས་སུ་སྔགས་ཀྱི་སྤང་སྐོང་ཆ་ལག་དང་བཅས་པ་བསྐྱུར་ནས་ཡིད་དམ་མཛད། དེ་ཡང་སྔོན་སེམས་ཅན་ལུས་སྲུལ་པོས་སློབ་དཔོན་བསད་དེ་མཚམས་མེད་ཀྱི་ལས་བྱས་པས་དམྱལ་བར་ལྷུང་བ་ལ་དཔལ་ཀུན་དུ་བཟང་པོས་ཐུགས་རྗེས་བཟུང་ནས་བཤད་པ་དེ་བཞིན་དུ་རྒྱལ་པོའི་དམ་ཚིག་ཉམས་ཆག་བསྐོངས་ཏེ། སྡིག་སྒྲིབ་བྱང་བར་གྱུར་ཏོ། །གསང་བའི་བསྐོངས་སུ་བཤགས་པ་བསྙེན་སྒྲུབ་དང་བཅས་པ་མཛད། ཡེ་ཤེས་སྐུ་མཆོག་བརྗོད་མེད་ཀྱི་བཤགས་པ། མཁའ་འགྲོ་སྡེ་བཞིའི་དཀྱིལ་འཁོར་ལྷ་གྲངས་ཀྱི་བཤགས་པ། ལྷ་བའི་ཀློང་བཤགས་དོན་དམ་ལྟ་བའི་བཤགས་པ། དམ་ཚིག་ཉི་ཤུ་རྩ་བརྒྱད་པ། ས་མ་ཡ་འབུམ་སྡེ་བསྡུས་ཏེ་རྐང་གྲངས་ཀྱི་བཤགས་པ་དང༌། གཤགས་པ་རུ་ཆེན་བཞི་བསྒྱུར་ནས་བྲམ་ཟེ་ཐོད་པ་ཅན་ལ། དཔལ་རྡོ་རྗེ་སེམས་དཔས་གསུངས་པས་སྒྲིབ་པ་དག་པ་བཞིན་དུ། རྒྱལ་པོའི་དམ་ཚིག་ཉམས་ཆག་བསྐངས་ཏེ་སྒྲིབ་པ་དག་པར་གྱུར་ཏོ། །སྐུ་ལས་འབྱུང་བ་བཞི་ལས་བྱུང་བའི་ནད་ལ། རྒྱ་ཡི་སྨན་པ་ཧ་ཅང་ཏེ་ཙ་དང༌། བླ་སྨན་པ་མྱང་ཙན་པ་ཤི་་ལ་སོགས་པས་སྨན་དཔྱད་མང་པོ་བསྒྱུར་རོ། །སྨན་དང་བཅུད་ལེན་གྱི་སྦྱོར་བའི་ཐབས་མང་པོ་ཡང་མཛད་དོ། །སློབ་དཔོན་པད་མས་མདོས་ལེའུ་སྟོང་ཕྲག་གཅིག་དང༌། ལྷ་འདྲེ་སྟོང་གི་དྲ་བ། མ་མོ་སྲིད་པ་བེམ། སྲིད་པ་མཚོ་བཞི་དང༌། མཚོ་གཅིག་ལ་སོགས་པ་ཕོ་མདོས།