R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
མོ་མདོས་མང་པོ་བསྒྱུར། གཞན་ཡང་གཤེན་རྗེ་གཤེད་འཆར་ཀ་ནག་པོ། རྒྱལ་པོ་རྩེ་མདོས། མདོས་ཕྲན་མང་པོ་དང་བཅས་པ་བསྒྱུར་རོ། །ཀླུང་སྒྲུབ། ཀླུ་གཏེར། ཀླུ་རྟ་བཞུགས་པ་དང༌། ཕོ་བྲང་གསོ་བ་དང༌། གདོན་འགྲོལ་བ་དང༌། བྱད་འགྲོལ་བ་ལ་སོགས་པ་ཆོ་ག་མང་པོ་མཛད་དོ། །རྟ་མགྲིན་ན་ག་ཀླུ་འདུལ། དྲག་པོ་གསུམ་སྒྲིལ། ཁྲོ་བོ་འདུལ་པ། ཡང་གསང་ཁྲོས་པ། སྐུ་ལྔ་ཁྲོས་པ། གཉེན་པོཁྱུང་གི་སྒྲུབ་ཐབས་དང་བཅས་པ་བསྒྱུར་རོ། །སྲུང་བའི་ཆ་ལག་བརྒྱ་རྩ་བརྒྱད་བསྒྱུར་ཅིང་མཛད་དོ། །དེ་ལྟར་རིམ་གྲོ་བྱས་པས་རྒྱལ་པོའི་སྐུ་ཚེ་ལྔ་བཅུ་རྩ་དྲུག་ལས་མེད་པ་ལ་ལོ་བཅུ་གསུམ་སྐུ་ཚེ་བསྲིངས་སོ། །སློབ་དཔོན་པད་མའི་ཞལ་ནས། སྤྱིར་བསོད་ནམས་ཀྱང་ཡང་རབ་ཏུ་གྱུར་པ་ལ་སྐུ་ཚེ་ཡང་རབ་ཏུ་གྱུར་པ་ཕྱིན་ཚད་མི་འོང་གསུངས། རྒྱལ་པོའི་སྐུའི་རིམ་གྲོའི་ལོ་རྒྱུས་ཆོས་འབྱུང་ངོ༌། །དེ་ནས་རྒྱལ་པོས་རྒྱ་གར་ནས་གདན་དྲངས་པའི་པཎྜི་ཏ་རྣམས་ལ་གསེར་ཕྱེ་སིལ་མ་བྲེ་གསུམ་ཕུལ། ན་བཟའ་ཟ་འོག་གི་སྨུག་བེར་ལ་སོགས་པ་མང་པོ་ཕུལ་ཏེ་གཏང་རག་བཏང་ངོ༌། །ལོ་ཙཱ་བ་རྣམས་ལ་ཆོས་ཀྱི་རྩིས་དང་བྱ་དགའ་གནང་ངོ༌། །དབུའི་ཆོས་གནས་སུ་བསྟེན་ནོ། །སློབ་དཔོན་བི་མ་ལ་མི་ཏྲ་དང༌། རྒྱ་གར་གྱི་པཎྜི་ཏ་རྣམས་ཡུལ་དུ་གཤེགས་པ་གནང་སྟེ། ལོ་ཙཱ་བ་དང་བོད་འབངས་རྣམས་ཀྱིས་རྒྱ་གར་ཡུལ་དུ་བསྐྱལ་སྟེ། རྒྱ་གར་ནས་ཆོས་མི་སྡོམ་པར། རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོས་བཀའ་བཀྲོལ་ནས་བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་ལགས་སོ། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཤིན་ཏུ་བཀའ་དྲིན་ཆེ་བ་ལགས་སོ། །སློབ་དཔོན་པད་མ། མཁན་པོ་བོ་དྷི་ས་ཏྭ།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གསུམ། སྐྱེ་བ་ཡང་སྔ་ལ་ཡང་ལས་འབྲེལ་གྱིས་སྤུན་དུ་གྱུར་པ་ཡིན་པས་བཞུད་པར་མ་གནང༌། སློབ་དཔོན་རྣམ་གཉིས་ཀྱིས་ཀྱང་བཞུགས་པར་ཞལ་གྱིས་བཞེས་ཏེ། མཁན་པོ་བོ་དྷི་ས་ཏྭ་བྱང་ཆུབ་གླིང་དུ་དགོངས་པ་ལ་བཞུགས་སོ། །སློབ་དཔོན་པད་མ་འབྱུང་གནས་མཆིམས་ཕུ་བྲག་དགེ་འུར་དགོངས་པ་ལ་བཞུགས་སོ། །དེ་ནས་མངའ་བདག་རྒྱལ་པོའི་ཐུགས་ལ། ད་ནི་ཆོས་མ་སྒྲུབ་ན་མི་ཕན་པར་འདུག་པས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཞུ་དགོས་སྙམ་ནས་མཆིམས་ཕུ་ན་སློབ་དཔོན་པད་མ་འབྱུང་གནས་བཞུགས་པ་ལ། དར་ཟབ་ཀྱི་ཁྲི་བརྩེགས་པ། སྤྱང་དཀར་གྱི་སློག་པ་དང༌། ཟ་འོག་གི་སྨུག་བེར་སྐུ་ལ་གསོལ། འབྲས་ཆད་དྭངས་མ་དངུལ་སྐྱོགས་བཀང་ནས་ཕྱག་ཏུ་དྲངས། འཇིག་རྟེན་གྱི་སྤྱན་གཟིགས་སྣ་ཚོགས་དྲངས་ནས་ཞུ་བ་ཞུས་པའི་ཚུལ་ནི། སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་དེ་ཞུས་པ། ཨོཾ་ཐུགས་རྗེ་ཆེན་པོ་འགྲོ་བའི་འདུག་ཚུལ་མགོན། །འབར་བའི་སྐུ་ལྟར་འཇིག་རྟེན་དྲེགས་པ་འདུལ། །ས་ཐོབ་ཚེ་དབང་དུས་གསུམ་བགྲེས་རྒུད་མེད། །ཆོས་ཀྱི་སྐུ་དང་མཚུངས་ལ་ཕྱག་འཚལ་བསྟོད། །ཨ་པད་མ་ཟླ་གམ་རྡོ་རྗེའི་ལྗགས་དཀྱིལ་ནས། གསང་སྔགས་འཕྲོ་འདིུ་ལེགས་ལྡན་དཔལ་གྱི་ཚུལ། ཞི་རྒྱས་དབང་དྲག་གསང་སྔགས་རྒྱལ་པོའི་ཚུལ། །དཔལ་ཆེན་གསུང་དང་མཚུངས་ལ་ཕྱག་འཚལ་ལོ། །ཧཱུཾ་ཐུགས་ཁར་ཉི་ཟླ་ཧཱུཾ་ལ་སྔགས་ཀྱི་འཕྲེང་བས་བསྐོར། །རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་འབར་བ་དང༌། །བདེ་གཤེགས་ཐུགས་ཀྱི་ངོ་བོ་མི་བསྐྱོད་པ། །རྡོ་རྗེ་སེམས་དཔའི་ཐུགས་དང་མཚུངས་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་སྣ་ཚོགས་དང༌། །བདག་གི་གཡར་དམ་དཔལ་གྱི་བསམ་ཡས་འདི། །སློབ་དཔོན་ཁྱོད་ཀྱིས་བྱིན་གྱིས་བསླབས་ཏེ་བཞེངས། །སྤྲུལ་པའི་སྐུ་ལ་བདག་ནི་མོས་བཏུས་ནས། །ཞུ་ཞིང་སྙན་དུ་གསོལ་བ་མི་འོས་ཀྱང༌། །བདག་ལ་ཐུགས་ནི་བརྩེ་བར་དགོངས་བཞུགས་ལ། །ཚེ་གཅིག་སངས་རྒྱས་གསང་སྔགས་སྒྲུབ་པའི་ཆོས། །བདག་ལ་ཐུགས་ཀྱིས་བཟུང་ནས་གནང་བར་ཞུ། །ཞེས་ཞུས་ནས་ཕྱག་དབུ་ཐོད་བུད་བུད་འཚལ་ལོ། །དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ལ་གསུངས་པ། ཨེ་མ་ཧོ། རྒྱལ་པོ་ཆོས་སྐྱོང་བསྟན་པའི་མངའ་བདག་ཡིན། །བདག་གིས་འཆི་མེད་ཚེའི་རིག་འཛིན་ཐོབ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས། །སྔགས་དང་སྔགས་ལ་རིག་པའི་རྩལ་དབང་ཐོབ། །རྒྱལ་པོའི་ཐུགས་དགོངས་ཡོངས་སུ་རྫོགས་པར་བགྱིའོ།