།ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡི། །རྣལ་འབྱོར་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །གསུངས་པ་སྟེ། སློབ་དཔོན་གྱིས་རྣལ་འབྱོར་པ་རྣམས་ལ་ཞལ་ཏ་བཞག་པའོ། །དེ་ནས་ཡང་སློབ་དཔོན་གྱིས་སྐྱེ་བོ་རྣམས་ལ་ཞལ་ཏ་གསུངས་པ། བོད་ཀྱི་གཙོ་བོ་སྐྱེས་བུ་བགྲེས་གཞོན་རྣམས། །རྒྱལ་པོའི་བཀའ་ཁྲིམས་ཆོས་ཁྲིམས་སྲུངས། །རྗེའི་བཀའ་ལུང་གཉན་པོ་སྙིང་ལྟར་གྱིས། །སྒོས་ཆེད་ཡལ་བར་བོར་ནས་གཙོ་བོ་སྤྱི་ཆེད་གྱིས། །སྲོག་དང་བསྡོས་ཀྱང་མནའ་མི་ཟ་ཞིང་རྫུན་མི་བྱ། །ཆད་པའི་ཚིག་བཙན་དགའ་བཤེས་གྲོགས་མི་བསླུ། །མང་པོའི་མི་ཁ་མི་བསྡུ་སྤྱི་ཆེད་ཆེ་བར་གྱིས། །བདེན་པ་ཁྱད་གསོད་མ་བྱེད་རང་སེམས་དྲང་དུ་གྱིས། །གྲོས་ཀྱིས་སླེབས་པར་གྱིས་ལ་བསམ་མནོ་སྔོན་ལ་ཏོངས། །མཛངས་པའི་མདུན་གྲོས་ཡངས་ལ་ཆེ་བར་མཛོད། །དགྲ་ཟད་ཐུབ་ལ་མ་གཏོང་རྒྱལ་ཚོད་ཟིན་པར་གྱིས། །ཞལ་ལྕེ་གཅོད་ན་ཤེས་ཆེའི་ཁ་སྟབས་འཐབ་གཏོང༌། །དཔའ་བོ་རྣམས་ཀྱི་གཞུང་ལུགས་དགྲ་བོ་ཏུལ། །མཚོན་ཆ་རྡོར་ལ་དམག་དཔུང་ཆེ་བར་གྱིས། །འཁོར་གཡོག་སྐྱོང་ལ་མིག་རྒྱང་རིང་བར་ཐོངས། །བྲན་ནི་ཅི་འོས་བྱིན་ལ་བཀོལ། །མི་ནི་རྒྱང་ཏག་རིང་ན་ཡི་ཆད་མེད་པར་སྐྱོངས། །ནོར་དུ་མཁས་དང་གཏམ་སྙན་གསོག་པར་གྱིས། །བུ་ཚ་འཚོ་ཤེས་ཡོན་ཏན་མཁས་པར་སློབས། །མ་སྲིང་ཆུང་མ་མནའ་མ་བྱམས་པར་སྐྱོངས། །མ་བསམས་བྱ་བ་ཉེས་པ་མང༌། །གལ་ཏེ་བཅོས་པས་འཆོས་ན་མཁས་པའི་རྟགས། །བཅོས་སུ་མེད་པ་སྡུག་བསྔལ་འཁོར་བའི་རྒྱུ། །དལ་པོར་ཕྱིན་པས་གར་འགྲོའི་ས་རུ་སླེབས། །དོགས་སར་བགསྐོར་ན་འཇིག་པའི་སར་མི་ཕྱིན། །འཇམ་པོར་སྨྲས་ན་དོན་གྲུབ་མཛེས་པ་འབྱུང༌། །ཡིན་དུ་བསྲིངས་ན་དཀའ་བའི་ལས་ཀྱང་འགྲུབ། །དོས་དྲག་ཡུན་ཐུང་ཚི་ཤ་ཆད། །འདི་ཕྱིའི་དོན་དུ་དམ་པའི་ལྷ་ཆོས་གྱིས། །ཕྱི་མའི་རྒྱགས་སུ་སྦྱིན་པ་མང་དུ་ཐོངས། །ཡུན་གྱི་དོན་དུ་འབྱོར་པ་སྤྱོད་ཤེས་ཀྱིས། །དཀོན་མཆོག་བཞུགས་པར་མཆོད་པ་བརྩོན་པར་གྱིས། །དགེ་འདུན་རྒྱ་མཚོའི་ཚོགས་སུ་བསྙཻན་བཀུར་ཞབས་ཐོག་སྐྱེད། །སློབ་དཔོན་པད་མ་འབྱུང་གནས་བཞུགས་པའི་དུས་སུ་བོད་ཀྱི་སྐྱེ་བོ་རྣམས་ལ་ཞལ་ཏ་གསུངས་པའོ། །དེ་ནས་ཡང་སློབ་དཔོན་གྱིས་བུད་མེད་རྣམས་ལ་ཞལ་ཏ་གསུངས་པ། སྲིད་ཀྱི་མཚོ་མོ་བུད་མེད་རྣམས། །ཁྱིམ་གྱི་བདག་མོ་ཡིན་པས་ཁང་པའི་གད་དར་གྱིས། །སྲིད་ཀྱི་མཚོ་མོ་ཡིན་པས་བུ་ཚ་ཆོས་ལ་ཚུད། །ལུས་ཀྱི་ཟླ་གོགས་ཡིན་པས་ཁྱོ་ལ་བཀུར་སྟི་སྐྱེད། །ཁྱོ་བཟང་སྙིང་དང་འདྲ་ཡི་ཅི་ཟེར་ངག་ལ་ཉོན། །ཁྱོ་ངན་ལས་འཕྲོ་ཡིན་པས་བརྙས་དང་སཨཉིང་མ་རིང༌། །གྱོས་རྒྱུག་ཕ་མ་འདྲ་ཡི་བཀུར་སྟེ་ཕུད་དུ་ཁུར། །ཡབ་སྐུད་ཕ་མིང་འདྲ་ཡིས་ཟས་དང་ཁྲེལ་གྱིས་སྐྱོངས། །སྙིང་མོ་འགྲོགས་ཡུན་ཐུང་གི་བཟང་གྱེས་གྱིས། །འདི་ངན་ཕྱི་མར་ལྕི་ཡིས་ཁྱོ་མིན་སྐྱེས་པ་སྤོངས། །བུད་མེད་ཁྱད་པར་ཡིན་པས་གཏམ་ཟློས་འཛུམ་མདངས་ཕྱོར། །ཕ་མིང་རྒྱབ་རྟེན་ཡིན་པས་ལྷ་ལྟར་མཆོད། །སྨྲ་མང་བུད་མེད་འཆལ་བས་སྦྲ་མཆུ་ཉུང་དུ་གྱིས། །རང་ཕྱོགས་གནེན་ལ་ཁྲེལ་ལ་བཟང་དུ་གྱིས། །བུ་ཁྱོའི་ལམ་རྒྱགས་ཡིན་པས་མགྲོན་ལ་ཡངས་སྐྱོངས། །འཁོར་དང་གཉེན་བཤེས་རྣམས་ལ་གདུང་སེམས་གྱིས། །ནོར་ལ་སྡོམ་དུ་སྐྱེད་ལ་ཟས་ལ་ཡངས་སུ་གྱིས། །བརྩོན་འགྲུས་ཆེ་ལ་ལག་བྱད་གཙང་བར་གྱིས། །སྔ་གྲོ་སྔ་ལངས་དགོང་མོ་ཉལ་ཕྱིར་གྱིས། །དུས་ཀྱི་སོ་ནམ་བརྩོན་འགྲུས་སྐྱེད་ལ་གྱིས། །ཕྱུགས་ལུག་སྒོ་ཁྱི་སྙིང་རྗེ་སྐྱེད་ལ་གསོ། །སྦྱིན་པའི་ཕྱོགས་སུ་ཕངས་པ་མེད་པར་ཐོངས། །བླ་མ་དཀོན་མཆོག་དད་དང་གུས་པས་མཆོད། །འདིར་ནི་དགེ་ལེགས་ཕྱི་མ་བདེ་བ་ཐོབ། །རང་གི་ཕྱིར་དུ་སེར་སྣ་ཁྲམ་མ་གསོག །དེ་ལྟར་བྱས་པས་འཇིག་རྟེན་ཅོས་ལུགས་འགྲུབ། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ཀྱི་འབྱོན་པ་ཡི། །མོ་བཙུན་བུད་མེད་རྣམས་ལ་ཞལ་ཏ་བཞག་པའོ། །དེ་ནས་ཡང་སློབ་དཔོན་པད་མས་བོད་ཀྱི་མཆོད་གནས་རྣམས་ལ་ཞལ་ཏ་གསུངས་པ། །ཆོས་ལ་ཀློག་འདོན་བྱེད་པའི་ཡོན་མཆོད་རྣམས། །དང་པོར་གཞནོན་དུ་འབྲི་ཀློག་ལེགས་པར་སྦྱོངས། །འབྲི་མཁན་ཡི་གེའི་གཟུགས་ནི་ལེགས་པར་སྦྱོངས། །དཀར་ནག་ཆ་མཉམ་རིང་ཐུང་མེད་པར་བྲིས།