R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།གསང་སྔགས་སྲོག་ཏུ་དམ་ཙིག་གདང་མར་སྲུངས། །རྡོ་རྗེ་སློབ་དཔོན་ཡན་ལག་མགོ་ལྟར་ཁུར། །ཡིད་དམ་ལྷ་ནི་ཁོང་པའི་སྙིང་ལྟར་བཙའ། །མཁའ་འགྲོ་དམ་ཅན་ལུས་ཀྱི་གྲིབ་མ་བཞིན་དུ་བརྟེན། །གདམས་ངག་ཟབ་མོ་མིག་གི་འབྲས་ལྟར་བཙའ། །སྙིང་པོ་ཟབ་མོ་ཁོང་པའི་དབུགས་བཞིན་བགྲོངས། །བསྐྱེད་རྫོགས་རིམ་པ་ལུས་ཀྱི་སྲོག་བཞིན་སྒོམས། །ལྟ་སྒོམ་སྤྱོད་འབྲས་ཕྱི་རྒྱ་རླབས་ཀྱིས་ཆོད། །མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས། །ཆོས་ཀྱི་ཕྱིར་ནི་རང་གི་སྲོག་དང་སྡོས། །གཙོར་ནི་སྔགས་དང་ཕྱག་རྒྱ་རྒྱུན་མ་གཅོད། །ཉ་སྟོང་བརྒྱད་དང་ཉི་ཤུ་གཉིས་དག་ལ། །ཚོགས་དང་གཏོར་མ་གཏོང་ཞིང་བསྐང་གསོ་བྱ། །གདོལ་ཆོས་ར་ཆོད་རས་གཅོད་མི་བྱ་བླ་མ་བཟང་ལ་མཉན། །འཕྲིན་ལས་བོན་གྱེར་མི་བྱ་གྱེར་དང་སྒོམ་དུ་བསྟུན། །བསྙེན་སྒྲུབ་འཕྲིན་ལས་རྣམ་བཞི་གཞུང་བཞིན་བྱ། །གསང་སྔགས་དགྲ་ནི་ཡིད་གཉིས་ཐེ་ཚོམ་སྤོངས། །གསང་སྔགས་ནོར་དུ་མམི་འཚོང་སྤེལ་མི་བྱ། །རང་གིས་བསྒྲུབས་ན་དངོས་གྲུབ་ཅི་བསམ་འགྲུབ། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །སྔགས་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །ཅེས་སློབ་དཔོན་པད་མ་འབྱུང་གནས་གཤེགས་པའི་དུས་སུ། །སྔགས་པ་རྣམས་ལ་ཞལ་ཏ་གསུངས་པའོ། །དེ་ནས་སློབ་དཔོན་པད་མ་བཞུད་པའི་དུས་སུ། སྒོམ་ཆེན་པ་རྣམས་ལ་ཞལ་ཏ་གསུངས་པ། བོད་ཀྱི་སྒོམ་ཆེན་ཁས་ལེན་ཀུན་གསོན་ཅིག །ལྟ་བས་ཐག་ཆོད་དགོངས་པ་ཅན་ལ་མཉན། །སྒོམ་པའི་ཉམས་ལེན་སྒོམ་ཉམས་ཅན་ལ་ཞུ། །སྤྱོད་པའི་བྱ་བ་མཉམ་བཞག་རྗེས་ཐོབ་བསྲེ། །འབྲས་བུ་སྐུ་གསུམ་རང་གནས་རང་ངོ་རྟོགས། །གསལ་འདེབས་བཀའ་བརྒྱུད་མན་ངག་ཟབ་མོ་ལྟ། །ཚིག་ལ་མ་འབྱམས་དོན་ལ་བརྟག་དཔྱད་བྱ། །གདམས་ངག་ཅན་གྱི་བླ་བཟང་པོར་རྟེན། །སྒོམ་ཆེན་ཐོས་པ་ཆེ་ན་གོལ་ས་ཆུང༌། །ཡིད་ཆེས་མེད་པར་སྒོམ་པའི་ཚུལ་མ་བཅོས། །ཐེ་ཙོམ་གཅོད་ཅིང་གྲུབ་ཐོབ་རྣམས་ལ་གཏུགས། །ཚུལ་འཆོས་མི་བྱ་མི་ཤེས་བརྫུན་མི་གདབ། །ཆོས་ཉིད་མཉམ་པའི་དོན་ལ་གནས་པའི་ཚེ། །བྱིང་རྨུགས་རྒོད་པ་ལ་སོགས་ཁར་མ་གཏོང༌། །སྙིང་པོ་གསལ་སྟོང་ངང་ལ་ཉིད་མཚན་སྒོམས། །ཆོས་ཉིད་དོན་མཐོང་རྒྱུད་ལ་སྐྱེས་ཙ་ན། །བདེ་སྡུག་ལ་སོགས་ཐམས་ཅད་གྲོགས་སུ་འགྱུར། །ཆུང་མ་བྱམས་ཀྱང་སྒོམ་པའི་གཡོག་མི་གཞོལ། །བུད་མེད་སློབ་མ་མོས་གུས་ཆེ་ཡང་སྒྲོ་སྐུར་རྒྱུ། །གཡོག་འཁོར་ཞབས་ཏོག་ཆེ་ཡང་རྒྱང་རིང་འདུག །འདུ་ལོང་བསོད་ནམས་བར་ཆོད་རྒྱུ་ཡིན་པས། །རང་སེམས་དབང་དུ་ཚུགས་ལ་ཡེངས་མེད་བྱ། །དེ་འདྲའི་སྒོམ་ཆེན་མི་ལུས་རྒྱལ་པའི་ཐུགས། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །སྒོམ་ཆེན་རྣམས་ཀྱི་ཐུགས་ལ་བཞག་པར་ཞུ། །སློབ་དཔོན་པད་མ་འབྱུང་གནས་ཀྱིས་སྒོམ་ཆེན་རྣམས་ལ་ཞལ་ཏ་གསུངས་པའོ། །དེ་ནས་ཡང་སློབ་དཔོན་གྱིས་རྣལ་འབྱོར་པ་རྣམས་ལ་གདམས་པ། །བོད་ཀྱི་རྣལ་འབྱོར་ཕོ་མོ་ཀུན་གསོན་ཅིག །ཆོས་ཉིད་དོན་གྱི་རྣལ་མ་མ་བཅོས་ལ། །རིག་པ་ཡེ་ཤེས་ངང་དུ་འབྱོར་བས་ན། །རྣལ་འབྱོར་ཞེས་སུ་མངི་ཡང་བཏགས་པ་ཡིན། །ལྟ་བ་ཞེ་འདོད་མེད་དོ་ཕྱོགས་འཛིན་ཁར་མ་གཏོང༌། །སྒོམ་པ་དམིགས་གཏད་མེད་དོ་སེམས་འཛིན་ཁར་མ་གཏོང༌། །སྤྱོད་པ་བླང་དོར་མེད་དོ་ཆེད་འཛིན་ཁར་མ་གཏོང༌། །འབྲས་བུ་སྤངས་ཐོབ་མེད་དོ་འདོད་པའི་ཁར་མ་གཏོང༌། །དམ་ཚིག་སྲུང་མཚམས་མེད་དོ་ཟོལ་ཟོག་་ཁར་མ་གཏོང༌། །ཆོས་ལ་ཕྱོགས་རིས་མེད་དོ་གྲུབ་མཐུའི་་ཁར་མ་གཏོང༌། །སྣང་བ་འཁརུལ་པ་ཡིན་ཐ་མལ་ཁར་མ་གཏོང༌། །ནོར་རྫས་སྒྱུ་མ་ཡིན་ནོ་འདོད་པའི་ཁར་མ་གཏོང༌། །གོས་ལྷག་ལྷག་སྲུང་ཡིན་ནོ་རྒྱ་ཆོས་ཁར་མ་གཏོང༌། །ཟས་ལ་གཙང་རྨེ་མེད་དོ་ཞིབ་ལྟའི་ཁར་མ་གཏོང༌། །མཉམ་རིས་མེད་ཡིན་ནོ་འཁོར་གྱི་ཁར་མ་གཏོང༌། །རྒྱལ་ཁམས་འཕྱོ་ས་ཡིན་ནོ་ཕ་ཡུལ་ཁར་མ་གཏོང༌། །ཕུག་སྟོང་གྲོག་སྟོང་སྡོད་ས་ཡིན་ནོ་དགོན་པའི་ཁར་མ་གཏོང༌། །ཆིག་ལྡུམ་བཟང་པོ་ཡིན་ནོ་སྒོམ་པའི་ཁར་མ་གཏོང༌། །ཆགས་མེད་ཞེན་མེད་ཡིན་ནོ་རྐྱེན་ངན་ཁར་མ་གཏོང༌། །རང་གྲོལ་ཟིག་པོ་ཡིན་ནོ་ཟོལ་ཟོག་ཁར་མ་གཏོང༌། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས།