R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ཡོན་བདག་ཁེངས་གྲགས་མེད་པར་མཆོད་གནས་བརྟེན་པར་གྱིས། །དད་པའི་སེམས་ཀྱིས་ཐེག་ལ་གུས་པའི་སྦྱོར་བ་རྫོགས། །མཆོད་གནས་འདོད་པ་མ་བསྐྱེད་ཅི་ཕུལ་མཉེས་པར་གྱིས། །བསོད་ནམས་ཡོན་མཆོད་གཉིས་ཀ་ཐུན་མོང་ཐོབ། །རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་རོ། །ཡོན་བདག་ལོག་རྟོག་སྐྱེས་པའི་བསོད་ནམས་དེ། །དང་པོར་སྒྲ་སྐད་འཇིགས་ཀྱང་སྐྱོ་བ་སྐྱེས། །བར་དུ་ཐེ་ཚོམ་བྱུང་བས་བསོད་ནམས་ཚོགས་མི་འགྲུབ། །ཐ་མར་གཉིས་མ་མགུ་བས་དམ་ཉམས་རྒྱུ་རུ་འགྱུར། །དེ་བས་ཐེ་ཚོམ་ཆོད་ལ་དགེ་ལ་འབད། །གསལ་དག་སྙན་གསུམ་བསྒྲགས་པས་ལྷ་མི་གུས། །སྒྲ་སྐད་མ་འཛིངས་གཙང་མ་འདོན། །བར་དུ་འདྲེན་ཁུགས་སྡེངས་དང་སྦྱར། །ཐ་མ་ཚིག་འབྲུའི་ལྷག་ཆད་སྤོངས། །ལྷག་ཆད་མེད་པར་གུས་དང་དང་བས་སྒྲོགས། །ཆོས་ལ་ཨན་གཡོགས་མེད་དང་ཐོ་ཡུགས་སྤོངས། །བདག་ཉིད་བསྟན་པའི་བདག་པོར་སོམས། །ཆོས་ཀྱི་སྒྲ་ཆེན་བསྒྲགས་པ་ཡིས། །འགྲོ་བ་མི་མ་ཡིན་རྣམས་མོས་པས་ཉན། །ཆོས་ཐོས་ངན་སྡིག་གྲོལ་བར་བསམ་ལ་འདོན། །ཐོན་ནས་ཚིག་འཕྲོ་གཅོད་ཚེ་ན། །དགེ་རྩ་ཡོན་བདག་མཆོད་གནས་ཀྱིས། །ཐུན་མོང་རྫོགས་པའི་བྱང་ཆུབ་འགྲུབ། །ཡོན་བདག་དད་དང་ལྡན་པར་ཡོན་གྱིས་མཉེས་པར་ཕུལ། །མཆོད་གནས་གང་ཕུལ་ཡོན་གྱིས་མཉེས་པར་མཛོད། །དེ་ལྟར་མ་ཡིན་མཆོད་གནས་ཀྱིས། །ཚར་གྱིས་གྲངས་བརྐུས་ཡོན་ལ་རྩེག་འཐམས་བྱས། །གསལ་དག་སྣན་གསུམ་མ་བཏོན་ལོང་གཏམ་དག་བསྲེས། །མཁས་པ་རྣམས་ཀྱང་སྐྱོན་པར་བཤད་ནས་བཏོན། །སྒྲ་དོན་མ་ངེས་གཡེང་བས་སེམས་གཞན་འཕྲོས། །མི་མཁས་པ་ཡིས་ཤོག་བུ་བམ་བསྒྱུར་བྱས། །ཡོན་བདག་རྣམས་ཀྱི་རྒྱགས་དང་བཀུར་སྟི་མེད། །ཡོན་གྱིས་མཆོད་གནས་མ་མཉེས་ཟ་མས་ཁོང་ཁྲོ་བསགས། །ལེགས་པར་མ་བསྒྲགས་མཆོད་གནས་སྡིག་ལ་སྦྱར། །ཡོན་བདག་མ་མཉེས་མཆོད་གནས་སྡིག་ལ་སྦྱར། །དེ་འདྲའི་ཡོན་མཆོད་གཉིས་ཀ་དམྱལ་བར་ལྷུང༌། །དེ་ལྟར་མ་བྱེད་གཉིས་ཀས་ཆོས་དང་ལྡན་པར་མཛོད། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །མཆོད་གནས་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །ཅེས་སློབ་དཔོན་གྱིས་བོད་ཀྱི་བླ་མཆོད་རྣམས་ལ་ཞལ་ཏ་གསུངས་པའོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་གཤེགས་པའི་དུས་སུ་བོད་ཀྱི་སྨན་པ་ལྷ་རྗེ་རྣམས་ལ་ཞལ་ཏ་གསུངས་པ། འཚོ་བྱེད་གཞོན་བུའི་སྤྲུལ་པ་སྨན་པ་ཀུན། །དང་པོ་སློབ་པའི་སློབ་དཔོན་མཁས་པར་སློབས། །བར་དུ་རྩ་ངོ་ཤསེས་དང་དཔྱད་དང་ལག་ལེན་སྦྱོངས། །རླུང་མཁྲིས་པད་ཀན་མ་ནོར་སོ་སོར་གཅེས། །སྨན་སྦྱོར་དུས་ན་སྐོར་ཙོན་མནོར་སྦྱོར། །བར་དུ་སློབ་དཔོན་མཉེས་པའི་བཀུར་སྟི་སྐྱེད། །ཐ་མར་ནད་འཆོས་གཙང་རྟོག་དྲེགས་པ་སྐྱུངས། །འབྱུང་བཞི་ལེགས་པར་རྟོགས་ལ་ཚ་གྲང་ཕྱེད་པར་གྱིས། །གློ་བུར་ནད་ལ་བློ་དང་རིག་པས་རྟོགས། །གཞུང་དང་མ་འགལ་སྨན་དཔྱད་མ་ནོར་གྱིས། །སྨན་པ་མཁས་ཀྱང་ནད་པའི་ཁ་དྲོད་ལྟོས། །མི་ཤེས་རང་བཟོ་སྤོངས་ལ་ཕོ་ཚོད་ཆེ་བར་གྱིས། །ནད་ངོ་མ་ཟིན་སྨན་དཔྱད་མ་ལེགས་ན། །རང་འགྱོད་མི་གཅེས་བསད་པའི་མིང་གཏམ་འབྱུང༌། །མཚོན་ཆ་མེད་པའི་མཆེ་བརྐྱངས་མགོ་ནག་ཡིན། །འདོད་པ་ཆེ་ན་ཟས་ནོར་དཀའ་སླ་དང༌། །ནང་དུ་ཚུད་དཀའ་བར་དུ་བསྟེན་དཀའ་ཐ་མེ་ཐོན་དཀའ་ན། །དེ་ནི་རང་དོན་འཚོང་བའི་ཚོང་དཔོན་ཆེན་པོ་ཡིན། །དེ་ལྟར་མ་བྱེད་དང་པོ་སྙིང་རྗེས་གསོས། །བར་དུ་མགུ་ཡང་ཐུགས་དགོངས་བཟང་དུ་གྱིས། །ཐ་མར་མགུ་སླ་ཞེ་འདོད་ཆུང་བར་མཛོད། །གསོ་དཔྱད་གང་བྱེད་སེམས་བསྐྱེད་ཟིན་པར་གྱིས། །ཟས་ཀྱི་ཕྱིར་ནི་བསོད་ནམས་ཚོགས་རྫོགས་མཛོད། །ནོར་གྱིས་ཕྱིར་ནི་སངས་རྒྱས་ཐོབ་པར་སྔོས། །ཕྱི་མ་ལྷའི་གོ་འཕང་ཐོབ་ནས་ནི། །སྐྱེ་བ་སྟོང་དུ་ལུས་ལ་ནད་མེད་བདེ་དང་ལྡན། །ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འགྱུར། །ནད་པ་ཀུན་ཀྱང་དང་པོ་སྨན་པ་ལྷར་མ་ལྟ། །བར་དུ་སྨན་པ་མི་འདྲ་ལོག་ལྟ་སྤོངས། །ཏ་མ་ཐེ་ཙོམ་ཆོད་ལ་ཡིད་ཆེས་གྱིས། །ཟས་དང་གཏང་རག་གཡོ་སྒྱུ་མེད་པར་ཕུལ། །དྲག་ནས་སྨན་པ་འཕྲད་པར་ལམ་ལ་འཛུར། །བསམ་པ་དཀར་པས་གཞུང་སྲིངས་དང་ཚིག་སྲུངས། །དེ་ལྟར་མ་བྱས་ནད་པས་སྨན་པར་མ་གུས་ནས། །དང་པོ་ལྷར་མཐོང་ཟུག་གཟེར་ཆག་ནས་མིར་མཐོང་ནས།