།ཐ་མར་དྲག་ནས་དགྲར་མཐོང་ལུགས་བཞིན་མ་བྱས་ནས། །དེའི་རྣམ་སྨིན་ཚེ་འདིར་ཁྲེལ་མེད་ཕྱི་མ་དམྱལ་བར་འགྲོ། །བསྐལ་བར་ལུས་ལ་ཟུག་རྔུ་ནད་ཀྱིས་ཐེབས་པར་འགྱུར། །ཡང་ཤི་ཡང་གསོས་ཐིག་ནག་དམྱལ་བར་འགྱུར། །དེ་ལྟར་མ་བྱེད་ཡིད་ཆེས་ཐོབ་པར་བཀུར་སྟི་སྐྱེད། །བསམ་པ་དག་པས་འབུལ་ནོམ་བཟང་བར་གྱིས། །དེི་དགེ་བས་བསྐལ་པ་མང་པོར་ཡང༌། །ནད་མེད་བདེ་སྐྱིད་ཐོབ་པར་ཐེ་ཚོམ་མེད། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སྨད་ནས་འབྱོན་པ་ཡི། །སྨན་པ་རྣམས་ཀྱིས་ཐུགས་ལ་དེ་ཞོག །ཅེས་གསུངས་པ་སྟེ། སློབ་དཔོན་གྱིས་བོད་ཀྱི་སྨན་པ་རྣམས་ལ་ཞལ་ཏ་གསུངས་པའོ། །སློབ་དཔོན་པད་མ་འབྱུང་གནས་གཤེགས་ཁར་བོད་ཀྱི་སློབ་མ་རྣམས་ལ་ཞལ་ཏ་གསུངས་པ། བོད་ཀྱི་སློབ་དཔོན་སློབ་མ་ཆོས་འབྲེལ་བྱེད་པ་རྣམས། །དང་པོ་བླ་མ་སློབ་དཔོན་ཕུལ་དུ་ཕྱིན་པ་རྟོགས། །དེ་ནས་དམ་ཆོས་མཐའ་རྒྱ་ཆོད་ལ་མཁས་པར་སློབས། །མཐའ་མར་བསྒྲུབས་ལ་གྲུབ་རྟགས་ཐོན་པར་གྱིས། །ཚོགས་དང་ཞབས་ཐོག་དབང་ཡོན་མཉེས་པར་ཕུལ། །དབང་དང་དམ་ཚིག་ཐོབ་པར་ཡང་ཡང་ཞུས། །དམ་ཚིག་བསྲུངས་ལ་ཕྱག་ལེན་ཞལ་གདམས་ཞུས། །དམ་ཚིག་བསྲུངས་ལ་བྱམས་སེམས་འབྱོངས་པར་གྱིས། །ལྟ་བ་ཐག་ཆོད་གདེང་དང་ལྡན་པར་གྱིས། །སྒོམ་པ་ཐག་ཆོད་གསལ་སྒྲིབ་མེད་པར་གྱིས། །སྤྱོད་པ་ཐག་ཅོད་དགག་སྒྲུབ་མེད་པར་གྱིས། །དམ་ཚིག་མི་ཉམས་ས་གཞི་འདྲ་བ་ཟུངས། །མཏུན་འཇིག་སྤྱོད་པ་བླང་དོར་མ་བྱེད་ཉམས་དང་ལྡན་པ་གྱིས། །རྩ་བའི་བླ་མ་གྲངས་དང་གྲངས་ཀྱིས་བསྟེན། །ཡིད་དམ་ལྷ་དང་ཐེག་པ་ཕྱོགས་རིགས་མེད་པར་མོས་གུས་གྱིས། །བསྐྱེད་རིམ་གཞུང་སྲོངས་རྫོགས་རིམ་གྱིས། །དམ་ཅན་ཆོས་སྐྱོང་དགྲ་ལྷ་བཞིན་དུ་མཅོད། །གསང་སྔགས་མཐའ་དྲུག་རྫོགས་པར་སྤྱད་པ་རིགས། །དེ་ལྟར་མ་བྱས་སློབ་དཔོན་སློབ་མ་བྱས་གྱུར་ན། །ལྐོག་དང་ཉེས་པ་མ་ཚོར་མང་པོ་འབྱུང༌། །སློབ་དཔོན་བརྟག་པར་མ་བྱས་བཅུད་ཀྱི་དམ་ཚིག་ཉམས། །མཉེས་པའི་ཡོན་མ་ཕུལ་བས་དམ་ཚིག་བཀའ་མི་ཐོབ། །བར་དུ་བསྙེན་བཀུར་ཚོགས་འཁོར་མ་བྱས་དབང་ལུང་མ་ཐོབ། །མཐའ་མར་འབུལ་བ་མ་བྱས་ཕྱག་བཞེས་ཞལ་གདམས་མེད། །མཐའ་མར་དམ་ཚིག་མ་བསྲུངས་གཉིས་ཀ་དམྱལ་བའི་རྒྱུ། །དེ་ལྟར་མ་བྱེད་སློབ་དཔོན་སློབ་མ་རྣམས། །ཐོས་བསམ་སྒོམ་སྒྲུབ་ནན་ཏན་གྱིས། །དབང་དང་ཞུ་གནང་རིམ་པར་རྫོགས་པར་ནོད། །སྒྲུབ་ལ་བརྩོན་པས་རང་དོན་མཐར་ཕྱིན་བྱ། །སློབ་དཔོན་སློབ་མ་བརྟགས་ལ་ཆོས་འབྲེལ་བྱས། །ཆོས་ལ་བྱིན་རླབས་མེད་པས་བསྒྲུབས་ཀྱང་འབྲས་བུ་མེད། །གཉིས་ཀས་དམ་ཚིག་མ་བསྲུངས་བེ་སྦྲེལ་གཡང་ལ་ལྷུང༌། །དམྱལ་བ་རིམ་གྱིས་ཉོས་ཏེ་བྱ་ཐབས་མེད། །དེ་ལྟར་མ་བྱེད་སློབ་དཔོན་སློབ་མ་རྟོགས། །དད་གུས་མོས་པ་སྐྱེད་ལ་སྙིང་རྗེ་སྐྱེད། །སྣང་བ་དག་པས་བླ་མ་སངས་རྒྱས་ཁུར། །དུལ་བའི་སེམས་ལྡན་ཁེངས་དང་ང་རྒྱལ་སྐྱུངས། །བརྩོན་འགྲུས་ཕྱི་བཤོལ་མེད་པར་ཉམས་སུ་ལོངས། །དེ་ལྟ་བུ་ལ་གདམས་ངག་རྫོགས་པར་གནང༌། །ཁ་གསག་ཐབས་ཀྱིས་ཆོས་འདོད་གདོང་འདས་འདེད་བྱེད། །ང་ཆེ་ང་བཙན་ཁེངས་པའི་ང་རྒྱལ་ཅན། །སྣོད་མེད་རྣམས་ལ་བསྟན་ན་དམ་ཙིག་ཉམས། །ཞེས་གསུངས་པ་སྟེ། སློབ་དཔོན་གྱིས་བོད་ཀྱི་སློབ་མ་རྣམས་ལ་ཞལ་ཏ་བཞག་པའོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བོད་འབངས་སྤྱི་མཐུན་ལ་ཞལ་ཏ་གསུངས་པ། སྙིང་རྗེ་ཆུང་བ་གདོང་དམར་སྲིན་པོའི་རིགས། །ཁྲེལ་མེད་ངོ་ཚ་ཆུང་བ་སྤྲེའུའི་རིགས། །ཆོས་ལ་གནག་པ་སྲིན་མོའི་རིགས། །ནོར་ལ་འདོད་སྲེད་ཆེ་བ་ཡི་དྭགས་རིགས། །ཕྱི་མ་ཡི་དྭགས་བྱོལ་སོང་རིགས། །ཚེ་ལ་ལོང་མེད་འཆི་བ་མི་དྲན་བརྗེད་ངས་ཅན། །འདུས་པ་འབྲལ་བར་མི་སེས་འཐབ་རྩོད་མ་བྱེད་དང༌། །བསགས་པ་འཛད་པའི་མཐའ་ཡིན་ནོར་དད་མ་ཆེ་དང༌། །ཆགས་ན་འཆིང་བ་ཡིན་པས་ཞེན་པ་མ་ཆེ་དང༌། །སྐྱེས་པ་འཆི་བ་ཡིན་པས་མི་རྟག་མི་དྲན་ནམ། །སྡིག་པས་དམྱལ་བར་སྐྱེ་བས་ཚ་གྲངས་ཚུགས་ཐབས་མེད། །སེར་སྣས་ཡི་དྭགས་སྐྱེ་བས་བཀྲིས་སྐོམ་སྲན་ཚུག་སམ། །ཆོས་མེད་བྱོལ་སོང་ཡིན་པས་ཁྱོད་ཀྱིས་མ་ཤེས་སམ། །མི་ཚེ་གཡར་པོ་ཡིན་པས་ལུས་པོ་ནམ་ཞིག་བོར་ནས་འགྲོ། །སྣང་བ་སྒྱུ་མ་ཡིན་པས་ཅི་ལའང་གཏད་ས་མེད།