R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ནོར་རྫས་ཟིལ་པ་ཡིན་པས་ནམ་ཟད་མ་ཤེས་སམ། །འཁོར་གཡོག་ཤུལ་དམར་ཡིན་པས་བློ་གཏད་མེད། །དགྲ་སྡང་འཁྲུལ་བ་ཡིན་པས་ཅི་ཡང་གཏད་སོ་མེད། །གཉེན་བཤེས་འཁོར་བ་ཡིན་པས་ཚགས་སེམས་མེད་པར་གྱིས། །བུ་ཚ་ལན་ཆགས་ཡིན་པས་བུ་ལོན་འདེད། །མི་ཚེ་གཡེང་མ་ལམ་ལ་འཛད་པས་ཚེ་ལ་ལོང་མེད་དོ། །འཆི་བདག་འགུག་པའི་བྱ་གཏོང་ཡིན་པ་མ་ཚོར་རམ། །གདོང་དམར་བོད་ཀྱི་མི་རྣམས་ང་ལ་ཉོན། །ངན་སོང་གསུམ་གྱི་སྐྱེལ་མར་དཀོན་མཆོག་བཟང༌། །ཚེ་འདིའི་བརྟེན་ས་བླ་མ་མཁའ་འགྲོ་བསྟེན། །ཐར་པའི་ཆོས་ལ་ལྟ་སྒོམ་སྤྱོད་གསུམ་གྱིས། །བོད་ཀྱི་ལྷ་སྐལ་ཡིན་པས་ཐུགས་རྗེ་ཆེན་པོ་སྒོམས། །མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས། །དེ་ལྟར་བྱས་པས་འདིར་སྐྱིད་ཕྱི་མ་བདེ། །ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡི། །བོད་འབངས་སྤྱི་མཐུན་ཐུགས་ལ་དེ་ལྟར་ཤོག །ཅེས་གསུངས་པ་སྟེ། སློབ་དཔོན་གྱིས་བོད་འབངས་རྣམས་ལ་ཞལ་ཏ་བཞག་པའོ། །དེ་ནས་བོད་ཀྱི་རྒྱལ་པོ་མུ་ཏིག་བཙན་པོ་དང༌། བློན་པོ་རྣམས་ཀྱིས་སློབ་དཔོན་པད་མ་འབྱུང་གནས་ལ་ཕྱག་འཚལ་སྐོར་བ་བྱས་ནས་ཞུས་པ། ཨེ་མ་ཧོ། སྤྲུལ་པའི་སྐུ་སློབ་དཔོན་ཆེན་པོ་ལགས། །བདག་བོད་མཐའ་འཁོབ་ཀྱི་མི་ཆོས་མེད་པ་མོན་དང་འདྲ་བ་ལ། སྔོན་གྱི་རྒྱལ་པོ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡང༌། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས། ར་ས་འཕྲུལ་སྣང་དང་ར་མོ་ཆེ་ལ་སོགས་པ་མཐའ་འདུལ་དང་ཡང་འདུལ་དང་མཐའ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དམ་པ་ཆོས་ཀྱི་སྲོལ་བཏོད་པ་བོད་ཁ་བ་ཅན་ལ་ཤིན་ཏུ་བཀའ་དྲིན་ཆེ། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་གར་ནས་སློབ་དཔོན་ཉིད་ཀྱིས་དབུ་མཛད་པའི་པཎྜི་ཏ་མཁས་པ་མང་པོ་སྤྱན་དྲངས་བཀའ་རྒྱུད་ལུང་སྒྲུབ་སྡེ་མང་པོ་དཔག་ཏུ་མེད་པ་མ་ལུས་པ་བསྒྱུར། དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེངས། བོད་ཐམས་ཅད་དམ་པ་ཆོས་ཀྱིས་སྨིན་པར་བྱས། ཆོས་ཁྲིམས་དར་གྱིས་མདུད་པ་ལྟ་བུ་བཅིངས། བོད་བདེ་བ་དང་ཐར་པའི་ལམ་ལ་བཀོད་པ་བཀའ་དྲིན་ཆེ། ད་ཡབ་རྒྱལ་པོ་དགུང་དུ་གཤེགས། སློབ་དཔོན་ཉིད་ནི་རྒྱ་གར་དུ་གཤེགས། བོད་མུན་རུམ་དང་འདྲ་བར་སོང་ནས། ཐར་པ་མེད་པར་འགྲོ་བ་ཁམས་ཆེ་བས། བོད་ཡུལ་འདི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སྤྱི་མཐུན་གྱི་ལྟ་སྐལ་དུ་ཞལ་གྱིས་བཞེས་པའི་གདུལ་བྱའི་ཞིང་ཁམས་སུ་གདའ་བས། སློབ་དཔོན་ཆེན་པོས་ཇོ་བོ་ཐུགས་རྗེ་ཆེན་པོའི་གདམས་པ་འགྲོ་བ་རིགས་དྲུག་གི་སྒོ་བཅས་ནས་ཐར་པ་ཆེན་པོའི་གྲོང་མཆོག་ཏུ་འདྲེན་པ་སངས་རྒྱས་པའི་གདམས་ངག་གནང་བར་ཞུ་འཚལ་ཞེས་པས། སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལྷ་སྲས་མངའ་བདག་རྒྱལ་པོ་མུ་ཏིག་བཙན་པོ་ལ་བཀའ་བསྩལ་པ། བོད་ཀྱི་ལྷ་སྲས་མངའ་བདག་རྒྱལ་པོ་ཀུན་གསོན་ཅིག བོད་ཁ་བ་ཅན་གྱི་ཞིང་ཁམས་འདི། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་པའི་དུས་སུ་ཞབས་ཀྱི་ཀྱང་མ་བཅགས། གདུལ་བྱ་ཡང་མ་མཛད། དུད་འགྲོའི་རྒྱལ་ཁམས་སུ་ཡོད། དེ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལུང་བསྟན་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགསཀྱིས་སྤྲེའུ་དང་འཕགས་མ་སྒྲོལ་མས་བྲག་སྲིན་མོར་སྤྲུལ་པ་མཛད། དེ་ནས་དེ་གཉིས་ཀྱི་མཛད་པས་མི་འཕེལ་བས་བོད་ཀྱི་མི་རྣམས་ཕོ་རྣམས་ནི་ཁོང་ཅོལ་ཆུང་ལ་ཆོས་ལ་དཀར། ལྷག་པར་ཆོས་ཟབ་མོ་ཏིང་ངེ་འཛིན་ལ་མོས་པ་ཡིན། བྲག་སྲིན་མོའི་རིགས་ནི་ཁྲག་དམར་པོ་དང་ཤ་ལ་དགའ་བ་ཡིན་ནོ། །དེ་ལྟར་དེ་གཉིས་ཀྱི་རྒྱུད་ཚན་པ་བཞིར་གྱེས་པ་ལས་བོད་ཁ་བ་ཅན་གྱི་འགྲོ་བ་མི་རྣམས་བྱུང༌། ཐུགས་རྗེ་ཆེནོ་ས་འདུལ་བར་ལུང་བསྟན་པས། དེ་ལ་ཐུགས་རྗེ་ཆེན་པོའི་གདམས་ངག་ཞུ་བ་ཤིན་ཏུ་ལེགས། ངོ་མཚར་ཤིན་ཏུ་ཆེའོ་གསུངས་སོ། །སློབ་དཔོན་པད་མ་འབྱུང་གནས་ཀྱི་དྲུང་དུ། བོད་ཀྱི་རྒྱལ་བློན་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་ཆོས་ཞུས་པའི་ལོ་རྒྱུས་ལགས་སོ།