།དེ་ནས་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བོད་ཀྱི་རྒྱལ་པོ་མུ་ཏིག་བཙན་པོ་དང་བོད་འབངས་རྣམས་ལ་བཀའ་བསྩལ་པ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདིས། འགྲོ་བ་རིགས་དྲུག་ལ་ཐུགས་རྗེས་རྒྱུན་མི་འཆད་པར་གཟིགས་པ་ཡིན་པས། ཐུགས་ནི་སྙིང་རྗེ་ཡིན་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་འགྲོ་བ་རིགས་དྲུག་ལ་མས་བུ་གཅིག་པ་ལ་བརྩེ་བ་ལྟར། ཐུགས་རྗེས་འགྲོ་བ་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱིས་གདུངས་པ་ལ་ཟད་པ་མེད་པར་གཟིགས་སོ། །ཆོས་ལ་དམིགས་པའི་སྙིང་རྗེ་ནི། ཨོཾ་མ་ཎེ་པད་མེ་ཧཱུཾ་ཞེས་ཡིག་འབྲུ་དྲུག་པོ་ནི། ཨོཾ་གྱིས་ལྷ་ལྟུང་བའི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་ཐོབ། མ་ཡིས་ལྷ་མ་ཡིན་གྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་ཐོབ། ཎིས་མི་སྐྱེ་འཆིའི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་ཐོབ། པད་ཀྱིས་དུད་འགྲོ་གླེན་ལྐུགས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་ཐོབ། མེ་ཡིས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་ཐོབ། ཧཱུཾ་གྱིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་ཐོབ། དེ་ཡང་ང་རྒྱལ་གཙོར་བྱས་དགེ་བཅུ་སྤྱད་ནས་ལྷར་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས། ལྷ་ཚེ་འཕོས་དུས་སུ་ལྟུང་བའི་སྡུག་བསྔལ་བྱུང་སྟེ། ལུས་ལ་དྲི་མི་ཞིམ་པ་ལངས། ལུས་ཀྱི་འོད་ཤོར། ལྷ་མོ་རྣམས་དང་རྩེད་འཇོ་བ་རྣམས་ཀྱིས་བོར། གཞལ་ཡས་ཁང་གི་འོད་ཤོར། མ་རྨོས་པའི་ལོ་ཏོག་སྐམ། ཁྲུས་ཀྱི་རྫིང་བུ་སྐམ། དཔག་བསམ་གྱི་ཤིང་གི་ལོ་མ་བོག འདོད་འཇོ་བ་མོ་དང༌། ཅང་ཤེས་ཀྱི་རྟ་སྟོར། མངོན་པར་ཤེས་པ་ལྷའི་བསོད་ནམས་ཟད་པས་ན་ངན་སོང་དུ་ལྷུང་བ་མཐོང་བས། སྡུག་བསྔལ་ལ་བཟོད་ཐབས་མེད་པ་ཡོད་པ་ལས། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་གཟིགས་སོ། །ཁོང་ཁྲོ་དང་ཕྲག་དོག་གཙོར་བྱས་ནས་དགེ་བཅུ་སྤྱད་པས། ལྷ་མ་ཡིན་དུ་སྐྱེས་ཏེ། ལྷ་དང་ལྷ་མ་ཡིན་འཐབ་པའི་དུས་སུ་ལྷ་བསོད་ནམས་ཆེ་བས་ལྷ་མ་ཡིན་ཕམ་པ་མང་སྟེ། མཚོན་ཆའི་འཁོར་ལོས་བསྣད་པ་དང༌། མདའ་དང༌། མདུང་དང༌། རལ་གྲི་དང༌། ཐོ་བ་དང༌། དབྱུག་པས་བསྣད་པས་སི་བ་དང༌། ན་བ་དང༌། རྨས་པ་དང༌། ལྷ་མ་ཡིན་ནང་འཐབ་པས་རྩོད་པ་དང༌། སྡུག་བསྔལ་དྲག་པོ་བཟོད་པར་དཀར་བས་ཚེ་འཕོས་ནས་ངན་སོང་དུ་འགྲོ་བ་རང་གིས་ཤེས་པས་སྡུག་བསྔལ་ཤིན་ཏུ་ཆེའོ། །མིར་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ། དང་པོ་མངལ་གྱི་སྡུག་བསྔལ། སྐྱེ་བའི་སྡུག་བསྔལ། ཁོང་ན་གནས་པའི་དུས་མ་ལྟོགས་ཙ་ན་གཡང་ལ་བཏང་བ་འདྲ། མ་འགྲངས་ཙ་ན་བྲག་བར་བཙིར་བ་འདྲ། མ་ཡིས་ཕྱིན་ཙ་ན་རླུང་གིས་འཁྱེར་བ་འདྲ། མ་ཉལ་ཙ་ན་རི་ཡིས་མནན་པ་འདྲ། མ་ཡིས་དྲག་ཤུལ་བྱས་ཙ་ན་ལུས་འཆག་པ་འདྲ། མ་ཡིས་ཆགས་པ་སྤྱོད་པའི་དུས་སུ་ཚེར་མའི་ལྕག་གིས་བྲབས་པ་འདྲ། སྐྱེ་བའི་དུས་སུ་སུབས་ལ་ཁད་ཤི་ལ་ཁད། སྐྱེས་ཙ་ན་ལྤགས་པ་བཤུས་པ་ཙམ། ཕ་མས་བླངས་ཙ་ན་ལུས་རྩུབ་པ་ཤིང་ཚེར་གྱི་གསེབ་ཏུ་བཞག་པ་འདྲ། པང་དུ་བླངས་ཙ་ན་བྱིའུ་ཁྲས་ཁྱེར་བ་འདྲ། དར་གྱི་དུས་སུ་ཡང་སྐྱིད་པ། སྡུག་པ། དར་བ། རྒུད་པ། དགའ་བ། མི་དགའ་བ། གནེན་མ་འཁྱོངས་པ། དགྲ་མ་ཐུལ་པ། ལས་དང་བྱ་བ་མ་གྲུབ་པ་སྡུག་བསྔལ་དཔག་ཏུ་མེད་དོ། །རྒས་པའི་དུས་སུ་ལུས་ཀྱི་འབྱུང་བ་ཟགས། བཀྲག་དང་མདངས་ཤོར། དབང་པོ་ཉམས། མིག་མི་གསལ། རྣ་བ་འོན། ལུས་ལྗི། གུ་རྟུལ། བུ་དང་བུ་མོས་མི་མཐོང༌། ཁ་ཆུ་འཛགས། ལྕེ་ལྡིབ། བསྡད་ན་མི་ལོངས་སྡོད་ན་ལུས་རྡེབ། ང་རྒས་པ་སྙམ་པའི་སྡུག་བསྔལ་རྒྱུན་མི་འཆད་པ་ཡོད་དོ། །འཅི་བའི་སྡུག་བསྔལ་ནི། གཅེས་པར་བྱས་པའི་ལུས་ཀྱིས་བོར། འདུས་པའི་གྲོགས་དང་བྲལ། བུ་ཚ་འཁོར་གཡོག་གིས་བོར། ནོར་ཡོད་ཀྱང་བཞག་ནས་འགྲོ་དགོས། ལུས་ས་རྡོ་ལྟ་བུར་བོར། འཆི་བའི་དུས་སུ་ས་ཆ་དང༌། ཡུལ་གར་འགྲོར་མི་ཤེས་པས་སྡུག་བསྔལ་ལ་བཟོད་ཐབས་མེད་དོ། །བྱོལ་སོང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ། མི་ནོར་སྣ་རྒུར་སྐྱེས་ཀྱང་མིས་བཀོལ་བ་དང༌། རྨོད་པ་དང༌། རྡེག་པ་དང༌། ཁལ་འགེལ་བ་དང༌། རི་དྭགས་སུ་སྐྱེས་ཀྱང་རྔོན་པས་གསོད་པ་དང༌། ཉ་པས་གསོད་པས་དང༌། གཅན་གཟན་གྱིས་གསོད་པ་དང༌། བྱོལ་སོང་གཅིག་གིས་གཅིག་ཟ་གསོད་པ་དང༌།