R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
གཞན་བྱོལ་སོང་ཐམས་ཅད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པའོ། །ཡི་དྭགས་སུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ། ཟས་ལ་མེ་འབར་དུ་མཐོང་བ་དང༌། སྐོམ་ལ་ཁྲག་ཏུ་མཐོང་བ་དང༌། ལྟོར་ཟས་སྐོམ་མི་རྙེད། རྙེད་ཀྱང་གྲེ་བར་མི་ཤོང༌། གྲེ་བར་ཤོང་ཡང་གསུས་པ་མི་ཁེངས། གསུས་པ་ཁེངས་ཀྱང་རྐང་ལག་གིས་མི་ཐེག་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཟས་སྐོམ་རྙེད་ཀྱང་བཟའ་བའི་དབང་མེད་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཟས་སྐོམ་རྙེད་ཀྱང་གཞན་གྱིས་འཕྲོག་པའི་སྡུག་བསྔལ་དང༌། གཞན་ཡང་གཤིན་དང་བསེ་རགས་བྱ་བ་ནད་རང་གིས་ཤི་བ་དང་མ་བྲལ་བ་དང༌། མི་ལ་ནད་དེ་འཇུག་པ་དང༌། བརྡུང་གཏག་གཞན་གྱིས་བྱས་པའི་ནད་དང༌། དཔག་ཏུ་མེད་པའི་དུ༔་དཔག་ཏུ་མེད་པ་ཡོད་དོ། །དམྱལ་བར་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཡང་སོས་བྱ་བ་ཉི་མ་གཅིག་ལ་ལན་བརྒྱ་འཆི། ལན་བརྒྱ་འཚོ། ཐིག་ནག་བྱ་བ་ལུས་ཕྱེད་ཚལ་དུ་ཐིག་གཏབ་ནས་སོག་ལེས་བྲེག་པ། བསྡུས་འཇོམས་བྱ་བ་ལྕགས་ཀྱི་གཏུན་བུར་རྡུང་བ་ཡོད་དོ། །ངུ་འབོད་བྱ་བ་སྐྱེས་མ་ཐག་ཏུ་ཐག་པས་བཏགས་ནས་འོ་དོད་འབོད་པ་དང༌། ངུ་འབོད་ཆེན་པོ་བྱ་བ་ལྕགས་ཀྱི་ཁང་སྒྲོམ་འབར་བར་བཅུག་ནས་ཆོ་ངེ་འདེབས་པ་ཡོད། ཚ་བ་བྱ་བ་ཟངས་རྒྱ་མ་ཁལ་ཚད་མར་བཅུག་ནས་འཚོད་པ་དང་རབ་ཏུ་ཚ་བ་བྱ་བ་ལྕགས་ཀྱི་སྨ་པས་བཟུང་ནས་སོ་མལ་དུ་བསྲེགས་པ་དང༌། མནར་མཻད་བྱ་བ་ལས་ཀྱི་རླུང་གིས་བསྲེགས་ནས། ལས་རིས་མནན་པ་དང༌། སྡུག་བསྔལ་སྐད་ཅིག་ཙམ་ཡང་བཟོད་པའི་བླགས་མེད་པ་ཡོད་དོ། །གྲང་བའི་དམྱལ་བ་བརྒྱད་ནི། ཆུ་བུར་ཅན་བྱ་བ་ལས་ཀྱི་ལྷག་པས་ཆུ་བུར་དུ་བྱུང་བ་དང༌། ཆུ་བུར་བརྡོལ་བ་ཅན་བྱ་བ་ཆུ་བུར་རྡོལ་ནས་ཆུ་འབབ་པ་དང༌། སོ་ཐམ་ཐམ་བྱ་བ་འཁྱགས་ནས་སོ་སྒྲ་ཏོག་བྱེད་པ་དང༌།
༼ཀྱི་ཧུད་ཟེར་བ་ཚིག་འདོན་ལུགས་ལས་བཏགས་པ་དང༌།༽
ཨུཏ྄པལ་ལྟར་གས་པ་བྱ་བ་འཁྱགས་ནས་ཚལ་པ་བཞིར་གས་པ་དང༌། ཨུཏ་པལ་ཆེན་པོ་ལྟར་གས་པ་བྱ་བ་ཚལ་པ་བརྒྱད་དུ་གས་པ་དང༌། པད་མ་ལྟར་དུ་གས་པ་བྱ་བ་ཚལ་པ་བཅུ་དྲུག་ཏུ་གས་པ་དང༌། པད་མ་ཆེན་པོ་ལྟར་གས་པ་བྱ་བ་ལས་ཀྱི་རླུང་གིས་ལུས་དུམ་བུ་སོ་གཉིས་སུ་གས་པ་དང༌། ཉི་ཚེ་བ་བྱ་བ་ཉིན་མོ་སོས་ནས་མཚན་མོ་འཆི་བ་དང༌། ཉིན་འཁོར་བྱ་བ་ཉིན་མོ་འཆི་བའོ། །ཐུན་མོང་གི་དུ་ཁ་ནི། མེ་མ་མུར་གྱི་རྫབ་ལ་ལུས་ནུབ་ཙམ་དུ་འགྲོ་དགོས་པ་དང༌། རོ་མྱགས་ཀྱི་འདམ་ལ་འགྲོ་དགོས་པ་དང༌། སྤུ་གྲིའི་ལམ་གྱིས་རྐང་པའི་ཤ་རུས་གཅོད་པ་དང༌། རལ་གྲིའི་ཆར་འབབ་པ་དང༌། ལྕགས་ཀྱི་ཤལ་མ་ལི་སོར་བཅུ་དྲུག་ཡོད་པ་ལ་འགྲོ་དགོས་པ་དང༌། དེ་ལ་སོགས་པའི་དམྱལ་བའི་སྡུག་བསྔལ་ལ་བཟོད་པའི་བླགས་མེད་དོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། དེ་ལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དུས་རྒྱུན་ཆད་མེད་པར་སྙིང་རྗེས་གཟིགས་ཏེ། དམིགས་པ་མེད་པའི་ཐུགས་རྗེས་འགྲོ་དྲུག་གི་འཁོར་བ་རྒྱུན་གཅོད་པར་གཟིགས་ཏེ། ཨོཾ་མ་ཎི་པད་མེ་ཧཱུཾ་ཞེས་པས། ཨོཾ་གྱིས་ལྷར་སྐྱེ་བའི་གསཡང་ས་བཅད་ནས་ལྷའི་གནས་སྟོངས། མས་ལྷ་མ་ཡིན་དུ་སྐྱེ་བའི་གཡང་ས་བཅད་ནས་ལྷ་མ་ཡིན་གྱི་གནས་སྟོངས། ཎིས་མིར་སྐྱེས་པའི་གཡང་ས་བཅད་ནས་མིའི་གནས་སྟོངས། པད་ཀྱིས་དུད་འགྲོར་སྐྱེ་བའི་གཡང་ས་བཅད་ནས་དུད་འགྲོའི་གནས་སྟོངས། མེས་ཡི་དྭགས་སུ་སྐྱེ་བའི་གཡང་ས་བཅད་ནས་ཡི་དྭགས་ཀྱི་གནས་སྟོངས། ཧཱུཾ་གྱིས་དམྱལ་བར་སྐྱེ་བའི་གཡང་ས་བཅད་ནས་དམྱལ་བའི་གནས་སྟོངས་སོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་གནས་སྟོངས་པར་བྱས་ནས་འཁོར་བ་ཀ་ནས་དག་སྟེ་བྱང་ཆུབ་སེམས་དཔའི་གནས་སུ་འདྲེན་པར་བྱེད་པ། ཇོ་བོ་ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་མ་འདི་ཡིན་ནོ། །ཐུགས་རྗེ་ཆེན་པོ་སྙིང་རྗེའི་གསུང་གིས་རིགས་དྲུག་ལ་གཟིགས་པའི་ལོ་རྒྱུས་ཡིན་ནོ། །ཨོཾ་མ་ཎི་པད་མེ་ཧཱུཾ། སློབ་དཔོན་པད་མས་བོད་ཀྱི་ལྷ་སྲས་རྗེ་འབངས་རྣམས་ལ་བཀའ་བསྩལ་པ། བོད་ཀྱི་ལྷ་སྲས་རྗེ་འབངས་རྣམས་གསོན་ཅིག ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་མ་འདི་ཡིན་ཏེ། ཨོཾ་མ་ཎི་པད་མེ་ཧཱུཾ།