།འབྲས་བུའི་ཐུར་ལ་བབ་ཙ་ན། །རང་རྒྱུད་དག་པའི་སངས་རྒྱས་ལགས། །ང་འགྲོ་ལྟ་བའི་གནས་སུ་འགྲོ། །ལྟ་བའི་གནས་སུ་འགྲོ་ཙ་ན། །རྣམ་རྟོག་ཡེ་ཤེས་ཀྱི་རང་བཞིན་ལགས། །སྡུག་བསྔལ་ཆོས་ཉིད་རང་བཟིན་ལགས། །ང་འགྲོ་སྤྱོད་པའི་གནས་སུ་འགྲོ། །སྤྱོད་པའི་གནས་སུ་འགྲོ་ཙ་ན། །འཁོར་བ་བྱང་ཆུབ་ཀྱི་རང་བཞིན་ལགས། །ང་འགྲོ་འབྲས་བུའི་གནས་སུ་འགྲོ། །འབྲས་བུའི་གནས་སུ་ཕྱིན་ཙ་ན། །སེམས་ཅན་སངས་རྒྱས་རང་བཞིན་ལེགས། །ང་འགྲོ་སྲིན་པོའི་ཡུལ་འགྲོ། །སྲིན་པའི་ཡུལ་དུ་ཕྱིན་ཙ་ན། །སེམས་ཅན་བདེ་ལ་འགོད་དུ་འགྲོ། །སྲིན་པོ་ཆོས་ལ་འཛུད་དུ་འགྲོ། །བོད་ཀྱི་མངའ་བདག་བློན་འཁོར་རྣམས། །ཡུན་དུ་སྐུ་ཁམས་ཅེ་བདེར་བཞུགས། །ང་སྐྱེ་ཤི་གཉིས་མེད་ཀྱི་སྐུ་ཐོབ་པས། །མི་བདེ་བ་ཡི་སྡུག་བསྔལ་མེད། །སྙིང་རྗེ་རྒྱུན་ཆད་མེད་པ་ཡི། །ཁྱེད་དད་གུས་མོས་པས་གསོལ་བ་ཐོབ། །ང་དང་ཡང་ཡང་མཇལ་ནས་མཆི། །ཞེས་གསུངས་པས། ཐམས་ཅད་མ་དགའ་སྟེ་མཆི་མ་བྱུང་སྟེ། སློབ་དཔོན་གྱི་ཕྱི་ཕྱག་གི་ལོ་རྒྱུས་ལགས་སོ། །དེ་ནས་རྒྱལ་པོ་དང་བུ་སློབ་ཐམས་ཅད་ཀྱིས་ཕྱག་བཙལ་སྐོར་བ་བྱས། ངུས་མཆི་མ་བྱུང་བ་དང༌། སློབ་དཔོན་པད་མ་འབྱུང་གནས་ཀྱི་མགུར་བཞེས་པ། ཉོན་ཅིག་བོད་ཀྱི་རྗེ་འབངས་རྣམས། །བྱ་རྒོད་པོ་ནམ་འཕང་གཅོད་པ་ལ། །འདོད་པའི་དབང་གིས་ཟན་ལ་བབས། །རྙི་ལ་ཟིན་པ་མ་ཚོར་རོ། །ཉ་མོ་ཆབ་ལ་འཕྱོ་བ་ལ། །འདོད་པའི་དབང་གིས་གངས་ལ་རྒྱུགས། །དོལ་གྱིས་ཟིན་པ་མ་ཚོར་རོ། །ང་རང་སེམས་ཡེ་ནས་སངས་རྒྱས་ལ། །འདོད་པའི་དབང་གིས་གཞན་གནས་བཙལ། །འཁོར་བར་འཁྱམས་པ་མ་ཚོར་རོ། །ཁྱོད་འཇིག་རྟེན་འཁོར་བར་ཡེངས་ཡེངས་ནས། །འཆི་ཁར་སོང་བ་མ་ཚོར་རོ། །ཞེས་གསུངས་པས། དེར་ཐམས་ཅད་ཀྱིས་སློབ་དཔོན་འདི་འདྲ་བ་དང་མཇལ་བ་དཀའ་ན། ཆོས་དང་དབང་ཐོབ་པ་ལྟ་ཅི་སྨོས། འདི་ཐམས་ཅད་ཀྱིས་ཞུས་པས་ནི་བཞུགས་པར་མ་གནང༌། ད་བཟུང་བ་དྲག་ཟེར་ཏེ། རྒྱལ་བློན་ཀུན་གྱིས་སློབ་དཔོན་པད་མ་འབྱུང་གནས་ལ་འཇུས་ནས་མི་གཏོང་བར་བྱས་པས། མ་ཐུབ་པར་ནམ་མཁའ་སྟོང་པ་ལ་བཞུགས་ནས་བཟུང་བས་མ་ཐུབ་པོ། །སློ་དཔོན་པད་མའི་གསུང་གིས། ང་ཁྱེད་ཚོས་བཟུང་བས་མི་ཐུབ་གསུངས་ཏེ་མགུར་བཞེས་པ། ང་མི་མང་པོའི་འདུ་འཛི་བྱུང་ཙ་ན། །རང་ལུས་དགོན་པའི་གདམས་ངག་མདོག །གྲོགས་བུ་ཚའི་འདུ་འཛིར་མ་ཆགས་ན་ང་ཕྱིར་འདེང༌། །ཤེས་པ་ཕྱི་རུ་ཤོར་ཙ་ན། །སྣང་བ་ལམ་ཁྱེར་གྱི་གདམས་ངག་བདོག །ཡུལ་སྣང་ལ་མ་ཆགས་ན་ང་ཕྱིར་འདེང༌། །དྲན་པ་སྣ་ཚོགས་བྱུང་ཙ་ན། །སྤྲུལ་སྐུ་ཐུགས་ཕྲད་ཀྱི་གདམས་ངག་བདོག །ཐ་མལ་ཤེས་པ་འཆོས་ན་ང་ཕྱིར་འདེང༌། །སྒོམ་བྱིང་དང་རྨུགས་པ་བྱུང་ཙ་ན། །བྱིང་རྨུགས་ཆོས་སྐུའི་གདམས་ངག་བདོག །སྒོམ་ནུས་པ་ཡོད་ན་ང་ཕྱིར་འདེང༌། །མཉམ་བཞག་རྗེས་ཐོབ་བྱུང་ཙ་ན། །མུན་སྣང་མར་མེའི་གདམས་ངག་བདོག །སྒོམ་རྒྱུན་ཆད་མེད་པར་འདོད་ན་ང་ཕྱིར་འདེང༌། །ཡུལ་ལ་ཞེན་པ་བྱུང་ཙ་ན། །ཕ་ཡུལ་བོར་བའི་གདམས་ངག་བདོག །ཕ་ཡུལ་ལ་མ་ཆགས་ང་ཕྱིར་འདེང༌། །མི་སྐྱེ་བོའི་མ་དགའ་བྱུང་ཙ་ན། །བྲག་ཆ་སྒྲའི་གདམས་ངག་བདོག །མི་ཁ་ལ་མ་འཇིགས་ན་ང་ཕྱིར་འདེང༌། །མི་སྡང་བའི་དགྲ་དང་ཕྲད་ཙ་ན། །ལན་ཆགས་བཟོད་པའི་གདམས་ངག་བདོག །ཞེ་སྡང་དགྲ་ལ་མ་ཞེན་ན་ང་ཕྱིར་འདེང༌། །གཉེན་དང་ཉེ་བ་བརྩི་ཙ་ན། །འཁོར་བ་རྩད་གཅོད་ཀྱི་གདམས་ངག་བདོག །གཉེན་འདུན་ལ་མ་ཆགས་ན་ང་ཕྱིར་འདེང༌། །བུ་སློབ་ཡོན་བདག་ལ་བརྩི་ཙ་ན། །ཆགས་མེད་ཞེན་མེད་ཀྱི་གདམས་ངག་བདོག །བུ་སློབ་ཡོན་བདག་ལ་མ་ཆགས་ན་ང་ཕྱིར་འདེང༌། །འདོད་ཡོན་ལྔ་ལ་ཆགས་ཙ་ན། །སྐྱར་མོ་ཉ་ཁྱེར་གྱི་གདམས་ངག་བདོག །ནོར་ཟས་ལ་མ་ཆགས་ན་ང་ཕྱིར་འདེང༌། །ལུས་ལ་ན་ཚ་བྱུང་ཙ་ན། །ལུས་སྒྱུ་ལུས་ཡིན་པའི་གདམས་ངག་བདོག །ལུས་ན་ཚས་ཉེན་ན་ང་ཕྱིརའདེང༌། །འཆི་བའི་ནད་ཀྱིས་ཉེན་ཙ་ན། །འདའ་ཀ་འཆི་བྲོད་ཀྱི་གདམས་ངག་བདོག །འཆི་བས་འཇིགས་ན་ང་ཕྱིར་འདེང༌། །ལུས་བེམ་རིག་གཉིས་བྲལ་ཙ་ན། །རིག་པ་རྟེན་མེད་ཀྱི་གདམས་ངག་བདོག །བར་དོས་འཇིགས་ན་ང་ཕྱིར་འདེང༌། །ལྔ་པ་སྐྱེ་རྒྱུན་མ་ཆོད་པ། །འགྲོ་དྲུག་སྒོ་འགེག་གི་གདམས་ངག་བདོག །འགྲོ་དྲུག་གཡེང་བས་འཇིགས་ན་ང་ཕྱིར་འདེང༌།