།དགོངས་སམ་རྗེ་འབངས་བུ་སློབ་ཀུན། །དད་པ་གཏིང་ནས་མ་སྐྱེས་ན། །ངེས་ཤེས་ཡེ་ཤེས་མི་འཆར་རོ། །ངེས་ཤེས་ཡེ་ཤེས་མ་ཤར་བས། །བླ་མའི་གདམས་ངག་མི་འཕྲོད་དོ། །དད་པ་མོས་པ་གུས་པ་ཡིས། །བླ་མའི་གདམས་ངག་ཉམས་སུ་ལོངས། །ང་སྐྱེ་འཆི་གཉིས་ཀྱི་མཐའ་ལས་གྲོལ། །འགྲོ་དང་མི་འགྲོ་ང་ལ་མེད་ཀྱི། །ཡེ་ཤེས་ཐུགས་ལ་རྒྱུན་ཆད་མེད་ཀྱི། །དད་མོས་ལ་བྱིན་རླབས་རྒྱུན་ཆད་ལ་མེད་ཀྱི། །རང་སེམས་ནོར་བུ་རིན་ཆེན་འདི་ལ། །བདེ་སྡུག་གི་ཟུག་རྔུ་ལུས་ལ་མེད་ཀྱི། །སྤྱི་གཙུག་ཏུ་མོས་པས་སྒོམ་ནུས་ན། །ཉེ་བ་དང་རིང་བ་ང་མེད་ཀྱི། །རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །གདོས་པ་དང་བཅས་པ་ང་ལ་མེད་ཀྱི། །མི་དགའ་ཅི་ཡོད་དགའ་བར་སོམས། །ཞེས་གསུངས་པ་དང༌། སློབ་དཔོན་པད་མ་འབྱུང་གནས་ཀྱི་ཕྱག་ཕྱི་ལ་རྒྱལ་པོ་དང་འཁོར་རྣམས་ཀྱིས་འགྲོ་ནུས་པ་གཅིག་ཀྱང་མེད་དོ། །སློབ་དཔོན་ལ་རྒྱལ་པོ་དང་སློབ་འཁོར་རྣམས་ཀྱིས་འཇུས་ནས་འཆི་མ་བཏོན་པས་དེར་སློབ་དཔོན་ལྷོ་ནུབ་མཚམས་སུ་ཞལ་ལོག་གིས་གཟིགས་ནས་བར་སྣང་ལ་གཞའ་ཚོན་སྣ་ལྷའི་དཀྱིལ་ན་བཞུགས་པ་ལ་བོད་ཀྱི་རྒྱལ་བློན་བུ་སློབ་ངརྣམས་ཀྱིས་རྗེས་སུ་ཡི་རང་བས་ཕྱག་བཙལ་སྐོར་བ་བྱས་གསོལ་བ་བཏབ། བྱིན་རླབས་ཞུས་ནས་དེ་རྣམས་ཀྱང་འཁོར་བ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱིས་སློབ་དཔོན་སྲིན་པོའི་ཡུལ་དུ་བཞུད་པ་ལ་ཡུན་རིང་གི་བར་ལ་བལྟས་པ་དང༌། བར་སྣང་ལ་པད་མ་འོད་ཀྱི་གཞལ་ཡས་ན་ཕར་སྐུ་འོད་ཟེར་དང་བཅས་ཏེ་ཏ་ལ་བཞུད་དོ། །སློབ་དཔོན་ལྷོ་ནུབ་སྲིན་པོའི་ཡུལ་རྔ་ཡབ་གླིང་ཕྲན། ཟངས་མདོག་དཔལ་རི་ལ་གཤེགས་པ་ལ་བོད་ཀྱི་རྒྱལ་པོ། བློན་པོ། དགེ་བཤེས། སྔགས་པ། སྨན་པ། བོན་པོ། བཙུན་པ། རྣལ་འབྱོར་པ། སྒོམ་ཆེན་པ། ཉ་མ། སྐྱེ་བོ། བུད་མེད་བཅས་པས་སྐྱེལ་ཐུང་དང་ཕྱི་ཕྱག་བཙལ་ཞིང་དབང་ཞུས་པ་དང༌། ཞལ་གདམས་མཁན་པོས་ལུང་བསྟན། སློབ་དཔོན་པད་མ་བོད་དུ་མི་ལོ་ལྔ་བཅུ་རྩ་གཅིག་བཞུགས་ནས། ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཏུལ། རྒྱལ་པའི་བསམ་པ་བསྒྲུབས། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས། ས་གཞི་ཐམས་ཅད་ཞབས་ཀྱིས་བཅགས། དབེན་གནས་ཐམས་ཅད་སྒྲུབ་གནས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས། དབང་དང༌། ལུང་དང༌། སྒྲུབ་ཐབས་རྣམས་མཛད་ཅིང་གནང་ནས་བོད་ཐམས་ཅད་སྨིན་པར་བྱས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བླ་མཆོད་མཛད། སྲས་མུ་ཁྲི་བཙན་པོའི་རིང་ལ་ལྷོ་ནུབ་རྔ་ཡབ་གླིང་ཕྲན་དུ་གཤེགས་པའི་ཆོས་འབྱུང་ལགས་སོ། །མ་གཅིག་ཇོ་མོ་བཀྲ་ཤིས་མཚོ་རྒྱལ། ལྷ་མོ་དབྱངས་ཅན་མའི་སྤྲུལ་པ། མི་བརྗེད་པའི་གཟུངས་ཐོབ་པ་དེས། ཕྱི་རབས་ཀྱི་སྐལ་ལྡན་རྣམས་ལ། སློབ་དཔོན་གྱི་ཐུགས་རྒྱུད། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ཆེམས། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་ཚུལ། དམ་ཆོས་འབྱུང་ཁུངས་གཙུག་ལག་ཁང་བཞེངས་ལུགས། ལྷ་སྲིན་ཐམས་ཅད་བཏུལ་ལུགས། བོད་དུ་པཎྜི་ཏ་དང་ལོ་ཙཱ་བ་བྱུང་ལུགས། སྒྲུབ་གནས་དང་ས་གཞི་བྱིན་གྱིས་བརླབས་ལུགས། ཆོས་ཀྱི་གཏེར་ཀ་སྦས་ལུགས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། ཟ་ཧོར་གྱི་བོ་དྷི་ས་ཏྭ་དང༌། ཨུ་རྒྱན་གྱི་སློབ་དཔོན་པད་མ་འབྱུང་གནས་དང༌། ལྷོ་ཕྱོགས་བྷེ་ཏའི་ཀ་མ་ལ་ཤཱི་ལ་དང༌། ཁ་ཆེའི་བི་མ་ལ་མི་ཏྲ་དང༌། རྒྱ་ནག་ཧ་ཤང་མ་ཧཱ་ཡ་ན་དང་ལྔ་སྟེ་སློབ་དཔོན་ཆེན་པོ་ལྔ༌། མུ་ནེ་བར་མ་དང༌། ཕྲཛྙཱ་བར་མ་དང༌། ཤི་ལེན་དྲ་བོ་དྷི་དང༌། ཁ་ཆེ་ཛྙཱ་ན་དེ་བ་དང༌། སུ་རན་དྲ་བོ་བྷི་དང༌། ཛྙཱ་ན་གྷ་རྦ་དང༌། མཉ྄ཛུ་གྷ་རྦ་དང༌། དྷརྨ་ཤི་ལ་ཕྲབྷ་ཝ་དང༌། བྷ་ཛ་ཡ་དེ་བ་དང༌། ཤ་ཡ་སེ་ཐུར་དང༌། ཛྙཱ་ན་སིདྷི་དང༌། བྷི་ཤུ་དེ་སིང་ཧ་དང༌། ཁ་ཆེ་ཛི་ན་མི་ཏྲ་དང༌། བྷིརྱ་ཨ་ཀར་པྲ་བྷ་བ་དང༌། ཁ་ཆེ་དྷརྨ་ཀ་ར་དང༌། དྷ་རྨ་ཤྲི་བྷ་དྲ་དང༌། ཤཱཀྱ་སེ་ན་དང༌། ཤ་ཡ་སིང་ཧ་དང༌། བལ་པོ་ཤཎྟི་གྷ་རྦ་དང༌། སྙི་དེ་བ་ཀོ་ཤན་དང༌། ལོ་ཙཱ་བ་དང་གྲུབ་ཆེན་ཉི་ཤུ་རྩ་ལྔ་ལ། ལོ་ཙཱ་བ་སྙགས་ཛྙཱན་ཀུ་མ་ར་དང༌། དྲི་མེད་ཤ་དྷ་ར་དང༌། སྦས་མཛྙུཤྲཱི་དང༌། ཏྲན་པ་མུ་རི་ཏི་དང༌། སྦས་ཡེ་ཤེས་དབང་པོ་དང༌། གཉན་དཔལ་དབྱངས་དང༌། ངན་ལམ་རྒྱལ་བ་མཆོག་དབྱངས་དང༌།