སྡིག་པ་ཐམས་ཅད་འཛད་པར་འགྱུར་རོ། །བཀྲ་ཤིས་པར་འགྱུར་རོ། །བསོད་ནམས་འཕེལ་ཆེ་བར་འགྱུར་རོ། །ཚེ་རབས་ནས་སྐྱེ་བ་གར་སྐྱེས་ཀྱང་འཕགས་པ་སྤྱན་རས་གཟིགས་དང་མི་འབྲལ་བར་འགྱུར་རོ། །མི་དེ་དག་ལ་ནད་གདོན་གྱིས་ཉེས་པ་ལ་འཇིག་རྟེན་གྱི་རྐྱེན་བཟློག་ཅི་བྱས་པ་བས་ཡི་གེ་དྲུག་པ་ལན་གཅིག་བཟླས་པས་བཟློག་ཆེའོ། །སྨན་དཔྱད་དང་བཅོས་ཀ་ཅི་བྱས་པ་བས་ཡི་གེ་དྲུག་པ་བཟླས་པས་བཟློག་ཆེའོ། །ཡི་གེ་དྲུག་པའི་ཡོན་ཏན་བརྗོད་པ་ནི་ཚད་ལས་འདས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་ཐུགས་རྗེ་རྒྱུན་ཆད་མེད་པར་གཟིགས་སོ། །ཐུགས་ཀྱི་ཡང་སྙིང་འདི་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་སྙིང་པོ་ཡིན་ནོ། །ཨོཾ་མ་ཎི་པད་མེ་ཧཱུཾ༔ཞེས་གསུངས་པ་དང༌། བོད་ཀྱི་མི་རྣམས་ཀྱི་ཡིད་དམ་དུ་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པ་བཟློག་ན། ངན་སོང་གསུམ་དུ་འགྲོ་བའི་དོགས་མེད་དོ། །བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས། དད་གུས་མོས་པས་གསོལ་བ་ཐོབ་ཅིག བྱིན་རླབས་འཕྲལ་ལ་འོང་ངོ༌། །ཐེ་ཚོམ་དང་ཡིད་གཉིས་མ་བྱེད་ཅིག ཆོས་སུ་འདི་ལས་ཟབ་པ་མེད་དོ། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། བོད་ཀྱི་རྒྱལ་བློན་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག ཅེས་གསུངས་པས། བོད་ཀྱི་རྒྱལ་བློན་ཐམས་ཅད་རབ་ཏུ་དད་ནས་ཕྱག་ཀྱང་འགྱེལ་བ་ལྟར་བཙལ་ལོ། །ཐུགས་རྗ་ཆེན་པོ་ཡི་གེ་དྲུག་པའི་ཡོན་ཏན་དང་བསྔགས་པ་བརྗོད་པའི་ལོ་རྒྱུས་ལགས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་ལྷོ་ནུབ་མཚམས་སྲིན་པོའི་ཡུལ་དུ་བཞུད་པ་ལ་ལྷ་སྲས་མངའ་བདག་རྒྱལ་པོ་མུ་ཏིག་བཙན་པོ་དང༌། བློན་པོ་རྣམས་དང༌། དགེ་བཤེས་རྣམས་དང༌། སྔགས་པ་རྣམས་དང༌། རྣལ་འབྱོར་པ་རྣམས་དང༌། སྨན་པ་རྣམས་དང༌། བོན་པོ་རྣམས་དང༌། སྐྱེ་བོ་རྣམས་དང༌། བུད་མེད་རྣམས་དང༌། སྒོམ་ཆེན་པ་རྣམས་དང༌། ཉ་མ་རྣམས་དང༌། སློབ་དཔོན་གྱི་མི་བརྗེད་པའི་གཟུངས་ཏོབ་པའི་བཀྲ་ཤིས་མཚོ་རྒྱལ་དང༌། ཤེལ་བཟའ་རྡོ་རྗེ་མཚོ་དང༌། རུ་ཡོངས་བཟའ་འཐིང་མ་དང༌། མཆིམས་བཟའ་རིན་ཆེན་གསལ་ལེ་འོད་དང༌། འབྲོམ་བཟའ་ཏི་པང་མ་དང༌། མེར་གོང་བཟའ་རིན་ཆེན་མཆོག་གཙུག་དང༌། ཁྱད་པར་གྱི་བུ་མོ་དྲུག་དང་བཅས་པ་རྣམས་ཀྱིས། རྒྱལ་པོ་ལ་བསྐོར་ནས་བྱོན། སློབ་དཔོན་པད་མ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་བྱོན་པ་ལ་བོད་ཀྱི་བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག གཡའ་རི་མོ། གངས་རི་མོ་ཉི་ཤུ་རྩ་གཅིག མཁའ་འགྲོ་དང་ཤུགས་འགྲོ་མང་པོས་བསྐོར་ནས་བྱོན་ནས་མང་ཡུལ་དོན་ཁར་བྱོན་པ་དང༌། ཐམས་ཅད་ཀྱིས་སློབ་དཔོན་ལ་ཕྱི་པྱག་བྱས་པ་དང༌། དེར་སློབ་དཔོན་པད་མ་འབྱུང་གནས་ཀྱིས་མགུར་བཞེས་པ། ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ། །ང་འགྲོ་ལྟ་བའི་ཐང་ལ་འགྲོ། །ལྟ་བའི་ཐང་ལ་འགྲོ་ཙ་ན། །སྣང་སྲིད་ཆོས་སྐུར་ཁྱེར་ནས་འགྲོ། །ང་འགྲོ་སྒོམ་པའི་ཐང་ལ་འགྲོ། །སྒོམ་པའི་ཐང་ལ་འགྲོ་ཙ་ན། །མཉམ་བཞག་རྗེས་ཐོབ་མེད་པར་འགྲོ། །ང་འགྲོ་སྤྱོད་པའི་ཐང་ལ་འགྲོ། །སྤྱོད་པའི་ཐང་འགྲོ་ཙ་ན། །བླང་དོར་རོ་སྙོམ་མེད་པར་འགྲོ། །ང་འགྲོ་འབྲས་བུའི་ཐང་ལ་འགྲོ། །འབྲས་བུའི་ཐང་ལ་འགྲོ་ཙ་ན། །རེ་དོགས་འབྲས་བུ་བསལ་ནས་འགྲོ། །ང་འགྲོ་ལྟ་བའི་ལམ་ལ་འགྲོ། །ལྟ་བའི་ལམ་ལ་འགྲོ་ཙ་ན། །ཉིན་མཚན་སྒོམ་དུ་མེད་པར་འགྲོ། །ང་འགྲོ་སྒོམ་པའི་ལམ་ལ་འགྲོ། །སྒོམ་པའི་ལམ་ལ་འགྲོ་ཙ་ན། །བྱིང་རྒོད་གཉིས་སུ་གྲོལ་ནས་འགྲོ། །ང་འགྲོ་སྤྱོད་པའི་ལམ་ལ་འགྲོ། །སྤྱོད་པའི་ལམ་ལ་འགྲོ་ཙ་ན། །ཐམས་ཅད་མཁྱེན་པའི་ས་བོན་འདེབས། །ང་འགྲོ་འབྲས་བུའི་ལམ་ལ་འགྲོ། །འབྲས་བུའི་ལམ་ལ་འགྲོ་ཙ་ན། །རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཐོབ། །ང་འགྲོ་ལྟ་བའི་ཐུར་ལ་བབ། །ལྟ་བའི་ཐུར་ལ་བབ་ཙ་ན། །ཆོས་ཀྱི་དབྱིངས་ཀྱི་ས་ལ་གནས། །ང་འགྲོ་སྒོམ་པའི་ཐུར་ལ་བབ། །སྒོམ་པའི་ཐུར་ལ་བབ་ཙ་ན། །སྒོམ་མེད་མ་ཡངས་ང་ལ་གནས། །ང་འགྲོ་སྤྱོད་པའི་ཐུར་ལ་བབ། །སྤྱོད་པའི་ཐུར་ལ་བབ་ཙ་ན། །བདེ་གཤེགས་བཀའ་ལུང་བཞིན་དུ་བྱེད། །ང་འགྲོ་འབྲས་བུའི་ཐུར་ལ་བབ།