R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
དེའི་གེགས་སེལ་བ་ལ་བསམ་གཏན་གྱི་ཡང་ལེན་ནོ། །དེའི་གདམས་པ་རིགས་པས་སྒྲུ་པ་ལ། མན་ངག་ལྟ་བའི་རྒྱབ་ཤ་དང༌། དེ་ལུང་གིས་སྒྲུབ་པ་ལ་མདོ་སྡེ་བརྒྱད་བུ་ཁུངས་ཞེས་བྱ་བ་མཛད། དེ་ཉམས་སུ་ལེན་པ་ལ་ཡས་བབས་དང༌། མས་འཛེགས་གཉིས། ཅིག་ཅར་བ་དང༌། རིམ་གྱིས་པའི་ལུགས་གཉིས་ཡོད་པ་ལ། ཆོས་འདི་ནི་དབང་པོ་ཡང་རབ་ཀྱི་དོན། ཁྱུང་ནམ་མཁའ་ལས་བབས་པ་དང་འདྲ། ཅིག་ཅར་བ་ཡིན་ནོ། །སེམས་ངོ་མ་འཕྲོད་ན། ལུས་ངག་གི་ཆོས་སྤྱོད་དང་དགེ་བ་བྱས་པས་མཐོ་རིས་ཐོབ་པ་ལས། སངས་རྒྱས་མི་ཐོབ། བྱ་བ་བཏང༌། ཅི་ཡང་ཡིད་ལ་མི་བྱེད་པར་བྱར་མེད། འདོད་འདུན་སྤངས་ཏེ་བདག་འཛིན་གྲོལ་ནས། སངས་རྒྱས་ཟེར་ནས་སྒོམ་བསླབས་པས། བོད་རིལ་པ་ཁོང་གི་ཆོས་ལ་དད་དེ་བསླབ་པོ། རྫོགས་བྱེད་མདོ་བཅུལས། སྤྲོས་པ་མེད་པའི་ཆོས་ཉིད་ལ་བསམས་ལ། གཟུང་འཛིན་བྲལ་བའི་རིམ་པ་མ་སྦྱངས་པས། ཏོན་མིན་རྩེན་མིན་དག་གི་ཆོས་ཉིད་བཞིན། རང་གི་རྣམ་རྟོག་དེ་ཉིད་ཡེ་ཤེས་འདོད། བསམ་གཏན་སྒོམ་པའི་སྒོ་སར་ང་ཡིས་བཤད། ཅེས་སོ། །དེ་ཡིས་བསམ་ཡས་དང༌། ལྷ་ས་ལ་སོགས་པའི་མཆོད་པ་བྱེད་པ་ཉུང་དུ་སོང༌། ལུས་ངག་གི་དགེ་སྦྱོར་མཚན་བཅས་བྱེད་པ་འཕྲོ་ཆད་པས་སྦ་རྣ་དང༌། བཻ་རོ་ཙ་ན་དང༌། སྦ་དཔལ་དབྱངས་ལ་སོགས་ཉུང་ཤས་ཤིག་སློབ་དཔོན་བོ་དྷི་ས་ཏྭའི་གྲུབ་མཐའ་འཛིན། དེ་ལྟར་ལྟ་སྤྱོད་མ་མཐུན་པར་གྱུར་ཏོ། །བཙན་པོས་རྒྱའི་སྟོན་པའི་ཆོས་མིན་བྱས་པས་སྟོན་མིན་པ་བྱ་བར་གྲགས། དྲང་སྲོང་བཟོད་པས་ལུས་ལ་མེ་སྤར་ནས་མཆོད་པ་ཕུལ་བས། སེམས་ཅན་ལ་བརྩེ་བའི་སྒོ་ནས་ཚོགས་བསགས་པ་གལ་ཆེ་བྱས་པས། བཙན་པོ་ན་རེ། ལུས་ལ་མེ་སྤར་བའི་བརྩེ་བ་དེ་ཡང༌། ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས་སོ། །བཙན་པོས་ལྟ་བ་དང་སྤྱོད་པ་མཐུན་པར་བརྩེ་བ་མིན་པ་ལྟར་ཡིན་བྱས་པས། སྟོན་མིན་པ་རྣམས་ཁྲོས་ནས་ཉང་ཤ་མིས་རང་གི་ཤ་ཉེ་སྤངས། རྔོག་རིན་པོ་ཆེ་དང༌། སྙགས་བི་མ་ཡིས། རང་གི་ཕོ་མཚན་བརྡུངས། རྒྱའི་སྟོན་པས་མགོ་བསྟུད་དེ་བྲོ་བོར། གཞན་རྣམས་ཆུ་གྲི་རེ་བཙུགས་ནས། བརྩེ་མིན་པ་རིལ་གསོད་ཟེར། དེ་བཙན་པོའི་སྙན་དུ་བཟླས་པས། ཇི་ལྟར་བྱ་མ་ཤེས་ཏེ། བན་སྡེ་རྣམས་ལ་བཙན་པོས་སྐུ་ཡོན་བཏང་སྟེ་ཡེ་ཤེས་དབང་པོ་འབོད་མི་བཏང་བས་མ་ཁུགས། ནང་བློན་ཆེན་པོ་ཁམས་པ་གོ་ཆ་བཏང་སྟེ་ཁྱོད་ཀྱིས་ཡེ་ཤེས་དབང་པོ་སྤྱན་དྲོངས་ན། བྱ་དགའ་བྱིན་གྱིས། མ་ཁུགས་ན་ཁྱོད་རང་གསོད་དོ། །ཞེས་བསྒོས་ནས། བཙན་པོའི་བཀའ་ཤོག་གི་སྒྲོམ་བུ་བསྐུར་ནས་བཏང་ངོ༌། །ཁམས་པས་ལྷོ་བྲག་ཏུ་ཕྱིན། བཀའ་སྒྲོམ་ཕྱག་ཏུ་ཕུལ་ནས། ཁྱེད་བྱོན་ན་བདག་ལ་བྱ་དགའ་ཡང་གནང་བར་བདོག མ་བྱོན་ན་བདག་འགུམ་པས་བདག་ནི་བྲག་ཕུག་འདི་ནས་མཆོངས་ཏེ་འགུམ་མོ། ཞེས་ཞུས་པས། འདི་ང་ལ་བར་ཆད་ཀྱི་བདུད་གཅིག་བྱུང༌། ད་ཁྱོད་ཀྱི་སྲོག་འདོན་ནོ་གསུངས་ནས། ང་འོང་གིས་རྟ་དེད་ལ་ཤོག་ཅེས་འཕྲིན་བསྐུར་བས། ཁམས་པ་དགའ་ཆེས་ནས་བཙན་པོའི་སྙན་དུ་གསོལ་བས། བྱ་དགའ་ཡང་གནང་ནས། གོར་བུ་བཅུ་དྲུག་དེད་ནས་ཡེ་ཤེས་དབང་པོ་སྤྱན་དྲངས། ཕོ་བྲང་དུ་བཙན་པོ་ལ་ཕྱག་བཞེས། བཙན་པོས་བཙུན་པ་འཁྲུགས་པའི་ལོ་རྒྱུས་ཞིབ་ཏུ་སྨྲས་ནས་རྒྱ་དཀར་ནག་གཉིས་ཆོས་ལུགས་ལ་མ་འཆམས་པས། དེ་གང་བདེན་ཁྱོད་ཀྱིས་སྨྲོས་ཤིག་གསུངས་སོ། །ཡེ་ཤེས་དབང་པོ་ན་རེ། དེ་ལ་བདག་དགུག་མི་འཚལ་ཏེ། མཁན་པོ་བོ་དྷི་ས་ཏྭའི་ཞལ་ཆེམས་བདོག་གོ། །བདག་སྒོམ་པའི་བར་ཆད་མ་བྱས་ན་ཚེ་རིང༌། བཙན་པོའི་སྐུ་ཚེ་ཡང་རིང༌། དམ་པའི་ཆོས་ཀྱང་འཕགས་པ་བྱམས་པ་བྱོན་པའི་བར་དུ་གནས་པ་ཡིན་ལ། བོད་ལ་སྐལ་བ་མ་མཆིས། མཁན་པོ་འདའ་ཀར་འདི་སྐད་གསུངས་ཏེ། སངས་རྒྱས་ཀྱི་ཆོས་གང་དུ་དར་བ་དེར། མུ་སྟེགས་ཀྱི་སྒོམ་པའི་གྲྭ་རེ་འགྲན་དུ་ཡོང་བ་ཡིན་ཏེ། བོད་ཡུལ་དུ་ལྔ་བརྒྱའི་ཐ་མར་གྱུར་པ་དང༌། སློབ་དཔོན་པད་མ་འབྱུང་གནས་ཀྱིས་བསྟན་མ་བཅུ་གཉིས་ལ་གཉེར་གཏད་པས། ཆོས་དར་ཡང་མུ་སྟེགས་ནི་མི་འོངས་ན། ནང་པ་སངས་རྒྱས་པའི་ནང་ན་ལྟ་བ་མ་མཐུན་པས་རྩོད་པར་འགྱུར་གྱིས། དེ་ཙ་ན་ངའི་སློབ་མ་ཀ་མ་ལ་ཤཱི་ལ་བལ་ཡུལ་སྡོད་ཀྱི། དེ་ཁུག་ལ་ཆོས་ཀྱི་བགྲོ་གླེངས་ཀྱི་ཤགས་འདེབས་སུ་ཆུག་ཅིག