R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
རྩོད་པ་ཆོས་ཕྱོགས་སུ་འདུམ་པར་འགྱུར་རོ། །ཞེས་གསུངས་སོ། ཞེས་གསོལ་པས། བཙན་པོས་བལ་ཡུལ་དུ་པཎྜི་ཏ་ཀ་མ་ལ་ཤཱིའ་ལ་སྤྱན་འདྲེན་པའི་ཕོ་ཉ་བ་བརྫངས་པ་དང༌། ཧ་ཤང་གི་སློབ་མ་སྟོན་མིན་པ་རྣམས། ཡུམ་རྒྱས་པ་སྤྱན་དྲངས་ཏེ། བསམ་གཏན་གླིང་སྒོ་བསྡམས་ནས། ཟླ་བཞིའི་བར་ཤགས་བསླབས་སོ། །མདོ་དགོངས་པ་ངེས་པར་འགྲེལ་བ་རྟོག་པས་སྒྲིབ་ཅིང་འདི་ཆོས་མིན་ཞེས་འབར་རོ། །དེའི་བར་དུ་ཡེ་ཤེས་དབང་པོས། མཁན་པོ་བོ་དྷི་ས་ཏྭ་དང༌། ཧ་ཤང་གཉིས་ཀྱི་ལྟ་བ་དང༌། དགོངས་པ་ཇི་ལྟར་ཡིན་པ་བཙན་པོའི་སྙན་དུ་གསོལ་བས། དགོངས་པ་གྲོལ་ནས་དགྱེས་ཏེ། ཡེ་ཤེས་དབང་པོའི་ཞབས་ལ་ཕྱག་འཚལ་ཞིང༌། ཁྱེད་ངའི་ཨ་ཙརྱའོ། །དུས་དེར་ཀ་མ་ལ་ཤཱི་ལ་འབྱོན་གྱིན་ཡོད་ཅེས་ཕོ་ཉ་མ་བྱུང་བས། རྗེ་བློན་ཡོས་ཆབ་ཀར་བསུ་བར་བྱོན་པ་དང༌། ཧ་ཤང་འཁོར་དང་བཅས་པ་ཡང་ཆབ་ཀར་བསུ་བ་ལ་བྱོན། དེ་ནས་བཙན་པོ་གོང་ལ་བཞུགས་ནས། སྟོན་མིན་པ་དང༌། རྩེ་མིན་པ་ཆོས་ཀྱི་བཀའ་བགྲོ་ཞིང་ཤགས་གདབ་པར་བྱས། ཧ་ཤང་གཡས་གྲལ་དུ་བྱས། འཁོར་ཇོ་མོ་བྱང་ཆུབ་དགེ་དང༌། གཟིམས་མལ་བཅོ་མང་དང༌། སྲུ་ཡང་དག་སྡེ་ལ་སོགས་པ་གྲལ་རིང་པོ་བྱུང༌། ཨ་ཙརྱ་ཀ་མ་ལ་ཤཱི་ལ་གཡོན་གྲལ་དུ་བཞུགས་ཏེ། འཁོར་བཻ་རོ་ཙ་ན་དང༌། སྦ་རཏ྄ན་དང༌། དཔལ་དབྱངས་ལ་སོགས་པ་ཉུང་ཤས་གཅིག་ལས་མ་བྱུང༌། བཙན་པོས་སྟོན་རྩེན་རེ་རེའི་ཕྱག་ཏུ་གསེར་དཀར་རེ་དང༌། མེ་ཏོག་དཀར་པོའི་འཕྲེང་བ་རེ་ཕུལ་ཏེ་བཀའ་བསྩལ་པ། ངའི་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར། ཐམས་ཅད་ནག་པོ་ལ་དགའ་བའི་དུས་སུ། ཟ་ཧོར་གྱི་རྒྱལ་པོའི་བུ་བོ་དྷི་ས་ཏྭ་སྤྱན་དྲངས་ནས་བོད་ཉུང་ཤས་གཅིག་ཆོས་ལ་བཀོད། དད་པ་ཅན་ཁ་ཅིག་རབ་ཏུ་བྱུང༌། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པའི་སྐབས་སུ། རྒྱའི་མཁན་པོ་ཧ་ཤང་མ་ཧཱ་ཡ་ན་འདིར་བྱོན། བོད་ཀྱི་བཙུན་པ་ཕལ་ཆེར་ཁོང་ལ་སློབ་པར་གྱུར། བོ་དྷི་ས་ཏྭའི་སློབ་མ་ཉུང་ཤས་ཙམ་ལས་སློབ་ཏུ་མ་བཏུབ་ནས། སྟོན་རྩེན་གཉིས་སུ་ཆད། དེ་གཉིས་ལྟ་སྤྱོད་མ་མཐུན་པར་རྩོད་པར་གྱུར་པ་ལས། ངས་ཞལ་ལྕེ་གཅོད་པར་མ་རངས་ནས། ཉང་ཤ་མི་དང༌། རྔོག་དང༌། སྙགས་ལ་སོགས་པ་ཀུན་གྱིས་ལུས་ལ་ན་ཚ་བསྐྱེད། ཧ་ཤང་མེ་གོས་བྲོ་དོར། དེར་བཙན་གཡོན་བསྐུར། ད་ནི་བོ་དྷི་ས་ཏྭའི་འཁོར་ཀ་མ་ལ་ཤཱི་ལ་ཡིན་པས། ཁྱེད་ཧ་ཤང་དང་གཉིས་ཤགས་གྱིས་ལ། སུ་གཏན་ཚིགས་བཟང་བ་དེ་ལ་སུ་ངན་པ་དེས་ང་རྒྱལ་མི་བྱེད་པར་མེ་ཏོག་ཕུལ་ཅིག བསྟན་པ་རྒྱལ་དུ་འཇོག་པ་ཡིན་ནོ་གསུངས་ནས། རྒྱལ་པོ་དང་མཁན་པོ་རྣམས་ཀྱིས་དཔང་བྱས་ལུང་རིགས་ངན་པ་དང་སུ་མི་རིགས་པ་ལ་ཁྲིམས་ཀྱིས་ཆད་པ་གཅོད་དོ་ཞེས་བཀའ་བསྩལ་ཏོ། །དེ་ལ་ཧ་ཤང་ན་རེ། ང་གཞི་ལ་སྔ་བས་ང་ཡིས་དྲི་འམ་ལན་གདབ་ཟེར་རོ། །ཀ་མ་ལ་ཤཱི་ལ་ན་རེ། ཁྱོད་ཀྱི་དགོངས་པ་ལྟར་ཤགས་ཐོབ་ཅིག་ཅེས་ཟེར་བ་དང༌། ཧ་སང་གི་གསུང་གིས་ང་ཡིས་ལས་རྒྱུ་འབྲས་མི་ཤེས་པ་མིན། གདུལ་བྱ་རྣམས་ངེས་དོན་གྱིས་ཁྲིད་ན་ལམ་ཉེ་བས། ཐམས་ཅད་སེམས་ཀྱི་རྟོག་པས་བསྐྱེད་པས། སེམས་དགེ་མི་དགེ་དག་གིས་ལས་དགེ་མི་དགེ་སྤྱད་པས། ངན་སོང་གི་འབྲས་བུ་ཉམས་སུ་མྱོང་ཞིང་འཁོར་བ་ན་འཁོར་ཞིང༌། གང་ཞིག་ཅི་ལ་མི་རྟོག ཅི་ལ་ཡང་མི་སེམས་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟར་ན་རྒྱུ་འབྲས་སྟོང་ཉིད་དུ་ཟབ་པས། ལྟ་བ་རྟོགས་པ་དང༌། སྙིང་རྗེ་ཆེན་པོ་རང་ཤུགས་སུ་སྐྱེ་བ་ཡིན། སྟོང་ཉིད་སྙིང་རྗེ་ཆེན་པོ་ཅན་དུ་གནས། མི་དགེ་འཆོལ་རྟག་ཏུ་སྤྱོད་པ་མིན། དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྐྱབས་འགྲོ་སེམས་བསྐྱེད་ནས་སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུ་རང་རྒྱུད་དུ་སྤྱོད་པ་ནི། སྤྲེའུ་ལྟར་མས་འཛེག་ཡིན་ནོ། །སྐྱེ་བོ་དགེ་བའི་ལས་འཕྲོ་མེད་པ་ཞང་བློན་དབང་པོ་བརྟུལ་པོ་རྣམས་ལ་ལམ་ཁ་འདྲེན་དུ་བསྟན་པ་ཡིན་ནོ། །བློན་པོ་བློ་སྦྱངས་པ་དབང་པོ་རྣོན་པོ་དག་ལ་སྤྲིན་དཀར་ནག་གིས་ཀྱང་ཉི་མ་སྒྲིབ་པ་ལྟར། དགེ་སྡིག་གཉིས་ཀས་སྒྲིབ་ཀྱི་ཅི་ལ་ཡང་མི་སེམས་མི་རྟོག་མི་སྤྱོད་པ་ནི་མི་དམིགས་པའོ། །ཁྱུང་ལྡིང་པ་ལྟར་ཡས་བབས་ཀྱི་ཆོས་ཡིན་ནོ། །ཅིག་ཅར་འཇུག་པ་ནི་ས་བཅུ་པ་དང་འདྲའོ། །ཞེས་གསུངས་པ་དང༌། ཨཙརྱ་ཀ་མ་ལ་ཤཱི་ལས་སྨྲས་པ།