R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
མདོ་སྡེ་རྒྱ་ནག་མ་ལ་སོགས་པ་མང་དུ་བསྒྱུར་རོ། སློབ་དཔོན་བོ་དྷི་ས་ཏྭ་དང༌། ལོ་ཙཱ་བ་མཆན་བུ་མང་པོས་ཆོས་མདོ་སྡེ། འདུལ་བ། མངོན་པའི་གཞུང་ཐམས་ཅད་བསྒྱུར་རོ། །སློབ་དཔོན་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་སྙགས་ཛྙཱ་ནས། སྒྱུ་འཕྲུལ་ལམ་སྐོར་དང༌། དེའི་ཆ་ལག་དང་བཅས་པ། ཕུར་པ་ཤམ་སྔོན་ཅན་དུ་གྲགས་པ་བསྒྱུར་རོ། །ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས་གྱི་ལིང་རྟའི་ཁུངས་དང་སོ་ཡིག ཁམས་དང་རིགས་ཐམས་ཅད་ཀྱི་རྟ་དཔྱད་ལ་མངའ་བརྙེས་པས། དེར་ཡུལ་ཆེན་པོ་ལྔ་ནས་རྟ་མཁན་ཆེན་པོ་དྲུག་བོས་སོ། །གྲུ་གུའི་ཡུལ་ནས་གྲུ་གུ་སེ་ཐོད་དང༌། གྲུ་གུ་གོ་ཆ་བོས། འབྲོ་ཡུལ་ནས་འབྲོ་ཁོ་སྦྱོར་དང༌། འབྲོ་བཟང་ལ་ཡུག་བོས། ཅོག་རོའི་ཡུལ་ནས་ཅོག་རོ་མང་པོ་བོས། འདོ་རྒོད་ཀྱི་ཡུལ་ནས་འདོ་ཁུ་མདོ་བོས། འབྲོ་སྙའི་ཡུལ་སྡེ་གསུམ་ལས། གཡུ་བཞེར་ལེགས་ཁྲི་བོས། དེ་རྣམས་རྟ་དཔྱད་འགྲན་པས། གྲུ་གུ་སེ་ཐོད་ཀྱིས་སྟངས་བཅད་དེ་རྟ་ལ་རིགས་རྣམ་པ་ལྔ་མཆིས་ཏེ། འབྱུང་བ་ལྔ་དང་བསྟུན་པ། སེ་ཐོ་སའི་ཁམས་དང་གཅིག གྱི་ལིང་ཆུའི་ཁམས་དང་གཉིས། གྱམ་ཤིང་མེའི་ཁམས་དང་གསུམ། མདོ་བ་རླུང་གི་ཁམས་དང་བཞི། གུང་རོན་ནམ་མཁའི་ཁམས་དང་ལྔའོ། །དེ་ལྟར་ངོས་བཟུང་སྟངས་སུ་ཕུལ་བས་རྒྱལ་བློན་ཐམས་ཅད་མཉེས་སོ། །བྱ་དགའ་ཡང་ཆེ་ཐང་དུ་གནང་ངོ༌། །དེའི་དུས་སུ་ཕོ་བྲང་རིམ་དགུའི་སྒོ་ཁང་དུ་མཁན་པོ་བོ་དྷི་ས་ཏྭའི་དབུ་ལ་གོར་བུས་ཕྲ་བརྒྱབ་པ་ལྟར་མཛད་ནས། ཞལ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་ནས་སྐུ་གཤེགས་སོ། །དེའི་སྤུར་བསམ་ཡས་ཧས་པོ་རིའི་རྒྱབ་ཏུ་བཞུགས་ནས་མཆོད་རྟེན་གཅིག་བཞེངས་སོ། །དེར་བཙན་པོས་ཡེ་ཤེས་དབང་པོ་ཆོས་དཔོན་དུ་རིང་ལུགས་སུ་བསྐོས། མདུན་དུ་ཡང་བླའི་འོག་ཏུ་བཏོན། རབ་ཏུ་བྱུང་བ་མང་བས་ཆོས་གྲྭའི་དཔོན་དང༌། ཉ་མའི་དཔོན་ཡང་སོ་སོར་བསྐོས། ན་བཟའ་རྣམས་དང༌། རྒྱལ་བློན་མང་པོས་འཕན་གྱིས་སྦྱོར། སློབ་དཔོན་རིང་ལུགས་པ་ལ་ཟླ་བ་རེ་རེའི་ཕོགས་ལ་ནས་ཁལ་བདུན་ཅུ། ཆོས་གྲྭའི་དཔོན་ལ་ནས་ཁལ་སུམ་ཅུ་རྩ་ལྔ། ཆོས་སློབ་པ་ལ་ནས་ཁལ་བཅུ་གཉིས་རེ་ཐང་དུ་བཅད། སླད་ཀྱི་ཡེ་ཤེས་དབང་པོ་མངོན་ཤེས་དང་ལྡན་པས། དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པའི་ཆེད་དུ། རྟེན་ལ་འབངས་མི་ཁྱིམ་བརྒྱ། བན་དེ་རེ་ལ་འབངས་མི་ཁྱིམ་གསུམ་གསུམ་བཅད། འབངས་ལྷ་རིས་པ་ལ། བླ་ནས་དབང་ཆེ་མི་བྱ་བར་ཆད། གང་ཟག་ཤེས་རབ་ཅན་དང༌། བརྩོན་འགྲུས་ལྡན་པ་རྣམས། ཐོས་བསམ་སྒོམ་གསུམ་ལ་བཅུག མགོ་འདྲེན་རྣམས་ལ་མཚན་མཁན་པོ་དང༌། བཤེས་གཉེན་དུ་བཏགས། ཆོས་གྲྭ་ཆེན་པོ་བཅུ་གཉིས་སུ་ཆོས་སློབ། སྟངས་འབུལ་གྱི་ས་དྲུག་ཏུ་སྟངས་འབུལ། སྒོམ་གྲྭ་ཆེན་པོ་ལྔར་སྒྲུབ་པ་ཉམས་སུ་ལེན། འབྲི་དང༌། ཀློག་པ་དང༌། བསྒྱུར་བ་དང༌། འཆད་པ་དང༌། ཉན་པ་དང༌། སེམས་པ་དང༌། བགྲོ་གླེང་དང༌། དཔང་སྒོང་གི་ཕྱག་མཆོད། སྨན་ལྷའི་མདོ་ཆོག ལྟུང་བཤགས་ཀྱི་ཕྱག་འཚལ། ཤེར་སྙིང་གི་མདོ་སྒྲུབ། ལྷོ་བལ་བས་ཀྱང་ལྷག་པ་མཛད་དོ། །ཆོས་ལུགས་བཟང་པོ་མི་ནུབ་པའི་རྒྱལ་མཚན་བཙུགས། དེ་རྣམས་ཀྱི་འཚོ་བ་བླ་ནས་སྦྱོར་པའི་ཆ་རྐྱེན་ལ། ཞིང་དང༌། དར་ཟབ། གསེར་དངུལ། ཟངས་ལྕགས། རྐང་འགྲོས་ཚོང་སྐྱེད་རྣམས་བཤམས། དབང་ཁ་དགེ་འདུན་ལ་བསྐུར། ཉན་ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་ཡེ་ཤེས་དབང་པོ་ལ་མི་ཉན་པ་མི་མཆི་དགུ་མཆི་བས། ཡེ་ཤེས་དབང་པོ་བྲོས་ནས་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་ལ་བསྒོམ་དུ་སོང༌། ཕྲག་ལ་ག་ཤ་བཀལ། སྤ་ལ་ཟམ་པ་བཙུགས། ལུས་ས་ལ་བྱས། ས་རྡོ་ལ་བས་པ་ལྟར་འདུག ཁྲིམས་གྲོགས་ལ་བྱ་ཡང་གཉེན་དུ་མི་འཇུག དེའི་འོག་ཏུ་དཔལ་དབྱངས་ཆོས་དཔོན་ལ་བསྐོས་པ་དང༌། རྒྱ་ནག་གི་མཁན་པོ་མ་ཧཱ་ཡ་ནའི་སློབ་བུ་སྒོམ་ཕྲུག་པ་རྣམས་དར་ཏེ་འཁོར་བར་སྐྱེ་བའི་རྒྱུ། རང་ངོ་རང་གིས་མ་ཤེས་པས་ལན། རང་ངོ་རང་གིས་ཤེས་ན་རྟོགས་ནས་སངས་རྒྱས། དེའི་ཕྱིར་སེམས་ངོ་འཕྲོད་དགོས། དེ་ངོ་ཤེས་ན་དཀར་པོ་ཆིག་ཐུབ་ཡིན། འདིའི་གཞུང་འཛུགས་པ་ལ། སེམས་ལེན་བསུ་བྱ་བའི་བསྟན་བཅོས་གསུམ་མཛད་དོ། །སེམས་ངོ་འཕྲོད་ན་ཉལ་བས་ཆོག་པས། བསམ་གཏན་ཉལ་འདུག་གི་འཁོར་ལོ་དང༌། དེའི་གནད་སྟོན་པའི་བསམ་གཏན་གྱི་འཁོར་ལོ་དང༌།