R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ས་གཞི་མན་ཇི་གླིང་གི་མདངས་དང༌། གསེར་དངུལ་གྱི་ཕོར་པས་བཀང༌། དབུ་རྩེའི་ཐང་མཆོད་རྫས་ཀྱིས་ཁེངས་པར་བགྱིས་ནས། བླའི་མཆོད་གནས་རབ་ཏུ་བྱུང་བ་རྣམས་ཀྱིས་མདོ་ཆོག་མང་པོ་མཛད། སྔགས་བཙུན་རྣམས་ཀྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས། མཆོད་པ་ཕུན་སུམ་ཚོགས་པ་ཕུལ། ལྕགས་རིའི་བྱང་ངོས་ཀྱི་ཕྱོགས་བཞི་ནས་འབངས་རྒྱན་དང་བཅས་པ་མཆོད་རྫས་དང་བཅས་ཏེ་རྩེ་བྲོ་སྣ་ཚོགས་བྱེད། གར་དང༌། སེང་གེ་དང༌། འབག་དང༌། རྒྱ་རྟ་དང༌། གླུ་དང༌། གཞས་དང༌། ཤོན་དང༌། བྲོ་བྱེད། ལ་ལ་རྟ་རྒྱུག འཕོངས་དང༌། ཚབས་དང༌། ཁ་ཚོན་སྨྲའོ། །བཙན་པོས་དབུ་རྩེའི་སྒོ་ཁང་ནས། སེང་གེའི་ཁྲི་སྟེང་ནས་མཆོད་པ་ཕུལ་བས་ཐུགས་དད་པ་སྐྱེས་ནས་དབུ་ཐོད་དང་དར་ཟབ་ཀྱི་ན་བཟའ་ཕུད་ནས་ལྷ་ལ་འབུལ། དེ་ནས་བཙན་པོའི་ཞལ་ནས། ངའི་ཡབ་ཀྱི་ཐུགས་དམ་གྱི་ལྷ་ཁང་ལ། ཁྱེད་བོད་འབངས་ཐམས་ཅད་ཀྱིས་གོ་རུ་དང་མཚོན་ཆ་མ་གཏོགས་པ་དད་གུས་ཀ྄ས་མཆོད་པའི་རྫས་ཕུལ་ཅིག་གསུངས་ནས་བཀའ་བསྩལ། འབངས་ཐམས་ཅད་ཀྱིས་རྗེའི་བཀའ་བཞིན་དུ་བཞིན་དུ་མཆོད་རྫས་མང་པོ་ཕུལ་བས། ཁ་ཅིག་གིས་གཡུ་དང༌། བེར། གསེར་དངུལ་ཟངས་ལྕགས། དར་ཟབ་སྣ་ཚོགས་ཀྱི་གོས། ཁ་ཅིག་མེད་པོས་ཀྱང་རས་སློག་དང་གོས་ཟས་གང་ཡོད་འབུལ་བ་ཕུལ་བས། མཆོད་རྫས་ཀྱི་ཕུང་པོ་ཆེན་པོ་རྣམས་དཀོན་གཉེར་བ་བསྐོས་པ་ཀུན་གྱིས་བསྡུས་ནས་མཆོད་པ་བྱེད་དོ། །རྒྱུ་བཟང་ངན་བྱུང་བས་བཙན་པོའི་ཞལ་ནས་ཁྱེད་འབངས་རྣམས་དད་པ་ཆེ་ཆུང་ཁྱད་པར་རེ་ཆེ་བ་ལ་ལས་གསེར་དངུལ་འབུལ་ནུས། ལ་ལས་རས་སློག་དང་གོས་ཧྲུལ་ལས་འབུལ་མི་ནུས་པ་གསུངས་པས། མི་ལྟོགས་ཕོངས་པ་ཀུན་ན་རེ། རྗེ་གཅིག་ལགས། ངོས་ཅག་དད་པ་ཆུང་བ་མ་ལགས་ཏེ། ཡོད་པ་གསེར་དངུལ། མེད་པོ་དབུལ་རྒྱུ་དེ་ལས་མ་འབྱོར། དབུལ་རྒྱུ་ཆེ་བ་ཀུན་ལོངས་སྤྱོད་ཆེ་བ་ལགས་སོ། །ཞེས་སྙན་དུ་གསོལ་བས་རྒྱལ་པོའི་ཞལ་ནས། ཀྱེ་མ་ངའི་མངའ་རིས་སུ། ལ་ལས་ཟས་སྐོམ་ཙམ་ཡང་མ་འབྱོར། ལ་ལས་ལྷག་པ་དང་བཅས་འདི་མི་རིགས་པས་གསུངས་ནས། རུ་བཞི་ཕྱོགས་ཕྱོགས་སུ་ལས་པ་དང༌། ཕོ་ཉ་ཁྲིམས་སྡོམ་པ་བཏང་ནས། བཀྲེས་ཕྱུག་མེད་པར་ཕྱུག་ལྟོགས་ཡོ་བྱད་ཐམས་ཅད་མཉམ་པོར་བགོས་ནས་སྙོམས་པོར་བྱས་སོ། །དེ་ནས་མངོན་པར་བྱང་ཆུབ་པའི་ཟླ་བའི་ས་ག་ནམ་མཐོང་ཆེ་ཆུང་ས་རི་
༼ས་ག་ས་རི་ནམ་མཐོང་ཆེ་ཆུང་ལ༽
འདུལ་བའི་མཆོད་པ་བགྱིད་དེ། ཞིང་པ་ཀུན་ཐོང་པོ་བོར་ནས་རྨོན་པ་དང་རོལ་དུ་ཐོང་གཤོལ་ལྡེམ་མེ་བཞག་ནས་མཆོད་པ་ལ་ཡོང་ངོ༌། །ལྷ་ས་དང་བསམ་ཡས་ཀྱིས་ཆོག་ཟེར། དེ་དུས་སུ་སྔར་བཞིན་མཆོད་རྫས་ཕུལ་བ་ལ་དངོས་པོ་བཟང་ངན་བྱུང་བས། ཡང་བཀྲེས་པོ་དང་ཕྱུག་པོ་ནོར་ལན་གཅིག་བསྙམས་སོ། །དེ་ཚུལ་འཛུགས་ཀྱི་ཟླ་བ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བས། མདོ་སྡེའི་མཆོད་པ་བགྱིས་ཏེ་ཞིང་པ་ཀུན་ཡུར་མའི་གྲལ་བཤིག་ནས། སྔོ་སྣོད་རྡོས་མནན་ནས་མཆོད་པ་བྱེད་དུ་འོངས་པས་ཡུར་མ་ཆག་ཟེར་རོ། །ཡང་སྔར་བཞིན་མཆོད་རྫས་ལ་བཟང་ངན་བྱུང་བས་ཡང་བཀྲེས་ཕྱུག་ལན་གཅིག་བསྙམས་སོ། །དེ་ནས་སྟོན་ཟླ་ཐ་ཆུང་ཆོ་འཕྲུལ་རྟའི་ཟླ་བ་ལ། ཆོས་འཕྲུལ་ཆུང་བ་ཟེར་ཏེ། མངོན་པའི་མཆོད་པ་བགྱིས་ཏེ། ཡང་མཆོད་རྫས་ལ་བཟང་ངན་བྱུང་བས། སེམས་ཅན་རང་རང་སོ་སོའི་བསགས་རྒྱབ་ཏུ་མཁྱེན་ཏེ་དགོངས་ནས། བོད་ཁམས་སུ་ལྟོགས་ཕྱུག་ལན་གསུམ་བསྙམས། ས་འཚོ་བ་དང་མགྲོན་དུ་རྒྱུ་བ་དང་ཀུན་ལ་རྒྱགས་ཕྱེ་ལམ་དུ་སྐྱེལ་མི་དགོས། བླ་ནས་སྦྱར་རོ། །སེམས་ཅན་གྱི་སྲོག་གཅོད་པ་དང༌། རྐུ་བ་ལ་སོགས་པས་འཚོ་བ་སྒྲུབ་མི་དགོས་པར་བོད་བདེ་བ་ལ་བཀོད་པས། སྲས་མུ་ནེ་བཙན་པོའི་སྐུ་དྲིན་ཆེ་བ་ལགས་སོ། །དེ་ནས་ཕོ་ཡོངས་བཟའ་རྒྱལ་མོ་བཙུན་ཡབ་རྒྱལ་པོའི་ཐུགས་ལ་འདོགས་པས་ཡབ་འདའ་ཁར་ཕོ་ཡོངས་བཟའ་ལྷ་སྲས་ཀྱིས་ཁབ་ཏུ་བཞཻས་ཤིག་ཅེས་བཀའ་བསྩལ་པས། ལྷ་སྲས་གསུམ་ལ་ཚེ་སྤོངས་བཟའ་མེ་ཏོག་སྒྲོལ་མ་རངས་ཏེ། ཡབ་སྐུ་གཤེགས་པའྀ་འོག་ཏུ། ཚེ་སྤོངས་བཟས། ཕོ་ཡོངས་བཟའ་འགྲོང་བར་བྱ་བསམ་པས། ཕོ་ཡོངས་བཟའ་སྐྲ་གསར་བགྱིས་ནས་རྒྱན་མ་ཐོགས་པར་གདའ་བ་དེ་ལ་སྙད་བྱས་ནས། རལ་གྲི་རྡེག་སྙམ་པ་དང༌། སྲས་མུ་ནེ་བཙན་པོས་གཡོན་བསྐོར་ནས། ཡུམ་ཚེ་སྤོངས་བཟའ་གློ་བ་ལ་གཅགས་པས་བློན་པོ་ཏེ་གུ་སྟེ་ཆུང་བྱ་བ་ཕྱག་ཚང་དུ་བསྐོས་ནས་ཕོ་བྲང་ཡུམ་བུ་མཁར་དུ་སྲས་ལ་ཁ་ཟས་ངན་པ་དྲངས་ཏེ།