།དེའི་སྐབས་ལ་ཡེ་ཤེས་དབང་པོས་འབྲས་ཆན་གསོལ་ནས། དེ་ཕྱིན་ཆད་ཁམས་ཀྱི་ཟས་སྤངས་ནས་ཏིང་ངེ་འཛིན་གྱི་ཟས་དང་བརྗེ་བར་བྱའོ་གསུངས་ནས་གྲོངས་པའི་དུས་སུ་ནམ་མཁའ་ལས་སྒྲ་དང་འོད་བྱུང༌། གདུང་ཁང་ཧས་པོ་རིའི་རྩེར་བརྩིགས་ན་ལེགས་བྱ་བའི་སྒྲ་བྱུང་ངོ༌། །ཐམས་ཅད་གདུང་བའི་སྐད་བཏོན། ཡེ་ཤེས་དབང་པོའི་བུ་མོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་གིས་ཕའི་མཆོད་རྟེན་བརྩིག་པའི་ས་ཀླུས་བསྟན། མཆོད་རྟེན་དེ་ལ་ལྷ་མོ་གསུམ་གྱིས་སྐོར་བ་གྱིས་ཟེར་བ་དང༌། བཙན་པོའི་ཞལ་ནས་བོ་དྷི་ས་ཏྭའི་གསུང་དང་སྦྱར་ན། ཁོ་བོ་ཚེ་ཡུན་རིང་པོ་མི་ཐུབ་གསུངས་ནས་རྗེ་ཐུགས་ལས་ཆུང་བ་ལས་གཞོལ་བར་བཞེད་ནས་སྒོམ་མཛད་པར་དགོངས་ནས་སྲས་མུ་ནེ་བཙན་པོ། མུ་ཏིག་བཙན་པོ། གཅུང་ཁྲི་ལྡེ་བཙན་དང་གསུམ་མངའ་བ་ལས། སྲས་མུ་ནེ་བཙན་པོ་ལ་ཆབ་སྲིད་འབོགས་པར་བཞེད་དེ། བློན་པོ་ཞང་བུ་རི་བཙན་ལ་བསྐོ་བར་དགོངས་པས་རྒྱལ་པོ་ཡབ་སྲས་དང༌། བློན་པོ་ཞང་རྒྱ་ཚ་ལྷ་སྣང༌། བུ་འུ་རིང་བཙན་པ་དང༌། རྒྱལ་བློན་གསུམ་དབུ་རྩེའི་བར་ཁང་གི་རྔ་ཁང་ན་འཚོགས་པ་ཡུམ་མེ་ཏོག་སྒྲོལ་གྱིས་མཐོང་ནས། ཐུགས་གཏུམ་པས་དོགས་འཚལ་ནས་ཆབ་སྲིད་སྣ་ནམ་པ་ལ་སྟེར་ངེས་སྙམ། མུ་ཏིག་བཙན་པོ་ལ་སྨྲར་བཅུག ལྷ་སྲས་ཀྱིས་འུ་རིང་སྒོ་བར་དུ་བཙིར་ནས་ཆུ་གྲིས་བཀུམ། ཡབ་ན་རེ། འུ་རིང་གར་སོང་གསུངས་པས། འུ་རིང་རྒྱང་རིང་པོར་སོང་ཟེར་ནས་གྲི་ཁྲག་ཅན་བོར་ནས་བར་ཁང་དུ་བྲོས། དེར་རྗེའི་ཐུགས་དམ་ཡང་འགྱངས་ནས་གཡར་མཆུ་བྱུང་དོགས་ཏེ། བློན་པོ་མཛངས་པ་ཀུན་གྲོས་བྱས་ནས་བློན་པོ་འགོས་དཔལ་འགར་གུང་བཙན་བྱ་བ་བློན་པོ་འགོས་ཀྱིས་ཞལ་ལྕེ་དགའ་གསུམ་དུ་བཅད། ཆད་སྲིད་མུ་ནེ་བཙན་པོ་ལ་མངའ་བར་གྱིས། ཐུན་ཚགས་སུ་དཀར་དམར་མཛད་ནས་གཏད། སྣ་ནམ་པ་དགའ་བར་སྟོང་བཅལ། ལྷ་སྲས་ལ་མི་ཤ་མི་བླང་བར་བྱས་ནས། ཡབ་ཟུང་མཁར་དུ་སྒོམ་དུ་གཤེགས། བཙན་པོས་བཀའ་གཙིགས་ཀྱི་ཡི་གེ་གསུམ་མཛད་ནས་གཅིག་ལྷ་ས་ན་ཡོད། གཅིག་ཁམས་སུ་ཁྱེར། གཅིག་རྗེའི་ཕྱག་སྦལ་ན་མཆིས་ཏེ། བསེའི་སྒྲོམ་བུར་བཅུག ཁ་ལ་སྒོ་ལྕགས་བརྒྱབས་ནས་གནོད་སྦྱིན་རྒྱ་དམ་ནག་པོ་ལ་གཏད། ཆེ་ལོང་གཅིག་ཞང་བློན་རྣམས་ལ་ཡང་དར་བར་བྱས་སོ། །དབང་ཕྱུག་ཕུན་སུམ་ཚོགས་པའི་མངའ་བདག་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེ་བཙན་གྱིས། གྲོང་ཁྱེར་ཐམས་ཅད་དུ་གཙུག་ལག་ཁང་དང་གནས་གཞི་བཙུགས། དབེན་ས་རུ་སྒྲུབ་ཁང་བྱས། ལྕགས་རི་བརྒྱ་རྩ་བརྒྱད་ཀྱི་མཆོད་རྟེན་གྱིས་བསྐོར། མི་ཐམས་ཅད་ཚོགས་གསོག་པ་དང༌། བསྙེན་གནས་ཀྱི་སྡོམ་པ་ལ་བཀོད། སྤྱོད་ལམ་ཐམས་ཅད་ཆོས་སྤྱོད། ལུགས་ཐམས་ཅད་ཆོས་ལུགས། སོ་ནམ་ཐམས་ཅད་ཆོས་དང་མཐུན་པར་བྱེད་དུ་བཅུག བོད་འབངས་ཐམས་ཅད་བདེ་སྐྱིད་ལ་སྦྱར། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་ནས། རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། དྲུག་ཅུ་རྩ་དྲུག་ལ་དགུང་ལ་གཤེགས་ནས། མཆད་པ་ཡར་ལུང་སྒྱེར་པ་སར་བང་སོའི་ཁྲོད་དུ་བརྩིགས་ནས་ལྷ་མི་ལ་སྦྱིན་གཏོང་རྒྱ་ཆེན་བྱས་སོ། །དེ་ནས་མུ་ནེ་བཙན་པོ་དགུང་ལོ་ཉི་ཤུ་རྩ་ལྔ་ལོན་ཙ་ན། ཇོ་མོ་རུ་ཡོངས་བཟའ་རྒྱལ་མོ་ཁབ་ཏུ་བཞེས་ཏེ་རྒྱལ་སྲིད་གཏད་ནས། ཆབ་སྲིད་རྒྱ་ཆེ་བས་ཡབ་ཀྱི་ཞལ་ཆེམས་དཀར་དམར་དང་མཐུན་པར་འབངས་ཀྱི་ཚིས་བགྱིད་པར་དགོངས་ནས། བླའི་མཆོད་གནས་རབ་ཏུ་བྱུང་བའི་མངའ་ཐང་དང༌། ཆོས་འཁོར་སྟོད་སྨད་ཀྱི་ཞབས་ཐོག་ཡབ་ཀྱི་སྲོལ་བཞིན་དུང་མཛད། རྒྱལ་པོ་དེའི་སྐུ་རིང་ལ། ཡི་གེ་མཁན་པོ་ཚེ་སྤོངས་བྱང་ཆུབ་ཅེས་བྱ་བ་བྱུང་སྟེ། རྗེ་ལ་ཡི་གེའི་སྟངས་ཕུལ་པས། སྦུར་ནག་བལ་གྱིས་བཏུམས་པ་འདྲ་བ་གཅིག་བྱུང༌། རྗེའི་དབུ་རྟེན་གྱི་འོག་ཏུ་སྦས་ཏེ་བསྣམས་ནས་མདོ་ཁམས་སྨད་དུ་སྤྱུགས་ཏེ། ཁམས་ཡིག་ཏུ་གྲགས་སོ། །བྲག་དམར་བསམས་ཡས་ལྷུན་གྱིས་གྲུབ་པའི་ལྷ་ཁང་དུ། སངས་རྒྱས་ཀྱི་དུས་མཆོད་ཆེན་པོ་བཞི་བཙུགས་ཏེ། བོད་ཀྱི་རྗེ་བློན་ཡོངས་ཀྱི་འཕྲལ་གྱི་རྐྱེན་བཟློག་པ་དང༌། ཡུན་གྱི་ཚོགས་གསོག་པའི་ས་མཛད། མཆོད་རྟེན་ཆེན་པོ་བཞིའི་གཟུགས་དང༌། དབུ་རྩེའི་བྱ་འདབ་ལྕགས་ཐག་གིས་སྦྲེལ་ནས་ནམ་མཁའ་ལ་དར་པོ་ཆེ་དང་འཕན་གྱིས་བྲེས།