R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ལྷ་སྲས་མུ་ནེ་བཙན་པོས་རྒྱལ་སྲིད་ཟླ་བ་བཅུ་གཉིས་མཛད་ནས་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་སྐུ་འདས་སོ། །བང་སོ་སྐྱེའུ་ལྡེམ་བུར་བརྩིགས། ཚེ་སྤོངས་བཟས་ཕོ་ཡོངས་བཟའ་ལ་མུ་ནེ་བཙན་པོའི་རལ་གྲི་བཙལ་ནས་ཉིན་རེ་ལ་ཤགས་སྒོ་རེ་བཏབ་ཅིང་སེན་མོས་ཤ་སྲང་རེ་བཅད་ཅིང་དཀྲོངས་སོ། །དེ་ནས་མུ་ཏིག་བཙན་པོ་མོན་ན་སྤྱུགས་ཏེ་ཡོད་པ་ཁོང་ལ་དབང་བསྐུར་བར་ཆད་བྱས་ཏེ་སྤྱན་དྲངས་པ་དང༌། སྣ་ནམ་པས་འདི་བྱེད་ན་ཟེར་ཏེ། མུ་ཏིག་བཙན་པོའི་བྲང་ཁ་ཕྱེ་ནས་དཀྲོངས་སོ། བང་སོ་རྒྱ་བོ་ཟང་ཟང་དུ་བརྩིགས་སོ། །དེ་ནས་འབངས་ཡོངས་བགྲོས་བགྱིས་ཏེ། གཅུང་པོ་ཁྲི་ལྡེ་བཙན་དབང་བསྐུར་བར་བྱས་ཏེ། ཁ་ཅིག་ན་རེ། རྒྱལ་བུ་ནར་མ་སོན་འབངས་ཀྱི་ཚིས་མུ་ཡོང༌། དེ་བས་ལན་གཅིག་ལ་བློན་པོ་མཛངས་པ་གཅིག་བསྐོས་ཏེ། ཁྲིམས་བུ་ཆུང་བཅའ་འོ་ཟེར། ཁ་ཅིག་ན་རེ། དེ་མི་ཡོང༌། སྔོན་ཡང་མེས་ཨག་ཚོམ་འོངས་པའི་དུས་སུ། རྒྱལ་བུ་ནར་མ་སོན་ནས། ཞང་བློན་གསུམ་ལ་ཁྲིམས་གཏད་ནས་ཁྲིམས་བུ་ཆུང་བྱས་ནས་ལྷ་ཆོས་བསྣུབས་པས་བོད་ཕུང་བར་བྱས། གྱོད་ཁ་ཆེན་པོ་ལ་གཏུགས་པས་ད་རྒྱལ་པོར་རབ་དབང་བསྐུར་ཏེ་བློན་པོ་མཛངས་པ་བསྐོས་ནས་འབངས་ཅོས་དང་མཐུན་པར་བསྐྱངས་པ་ལེགས་ཟེར་བས། རྒྱལ་བུ་ཡོང་ངམ་མི་ཡོང་སད་པར་ཁ་འཆམས་ནས་དགུང་ལོ་ཉི་ཤུ་རྩ་བཞི་ལ་རྒྱལ་སར་དབང་བསྐུར་ནས་སྲིད་གཏད་པས་སད་པ་བཞིན་ལེགས་པར་བྱུང་ནས། རྒྱལ་པོ་སད་ན་ལེགས་བྱ་བ་འཇིང་པ་ཡོ་ལ་སྐུ་དབང་ཆེ་བས་བླ་དྭགས་སད་ན་ལེགས་འཇིང་ཡོན་ཞེས་གྲགས། རྒྱལ་པོ་དེའི་སྐུ་རིང་ལ་ཡི་གེའི་མཁན་པོ་འབྲི་ཡོན་ཏན་ཞེས་བྱ་བ་བྱུང་སྟེ། རྗེ་ལ་ཡི་གེ་སྟངས་སུ་ཕུལ་བས། ཉ་རྟིང་དཀར་ཆུ་ནས་བཏོན་པ་འདྲ་བ་ཞིག་བྱུང་སྟེ། གུང་བློན་རྣམས་ཀྱི་གཡར་དམ་དུ་བཟང་བཟང་རྗེས་རྩིས་དང་བསྙེན་བཀུར་བ་ནི། དབུ་སྟོན། གཞུང་སྟོན། ཐ་སྟོན། ཟ་སྲུང༌། ཟླ་སྟོན། སྐྲ་འཁྲུད་ཆུ་སྟོན། ཟ་འདེགས། བྱ་དགའི་སྟོན་མོ་དཔག་ཏུ་མེད་དོ། །རྒྱལ་བུ་དེ་ན་ཚོད་དུ་སོན་ནས། བཙུན་མོ་ཕོ་ཡོངས་བཟའ་ལྷ་བཙུན་བྱ་བ་དང༌། འབྲོ་བཟའ་མང་པོ་ལྷ་རྒྱལ་ཁབ་ཏུ་བཞེས་ཏེ། འབྲོ་ཁྲི་བཟུང་བློན་པོར་བསྐོས་ཏེ། རྒྱལ་པོ་དེའི་ཞལ་ནས། འཛམ་བུ་གླིང་ན་རྒྱལ་པོ་ཆེ། བོད་ཀྱི་རྒྱལ་པོ་ལ་ང་ཆེ་བས། ང་ལག་རིས་ལྷ་ཁང་ཉི་མ་རྒྱ་ཇི་ཙམ་ཡོད་དྲིས་པས། ཉི་མ་ལ་དཔག་ཚད་ལྔ་བཅུ་ཙམ་ཡོད་པས། བོད་ཀྱི་ས་གཞི་ལ་མི་ཤོང་གསུངས་པས། འོ་ན་ཟླ་བ་ཙམ་ཞིག་བྱེད་དོ་གསུངས། ་་་་་་་་་་་་་་་་་་་་་་་་་་སྐར་དགའི་ལྟས་ལ་ནི། ནབས་སོ་ལ་སོགས་པའི་སྐར་མ་ཆེ་བ་རྣམས་དཔག་ཚད་གཉིས་སོ། །སྐར་ཕྲན་རྣམས་ལ་རྒྱང་གྲགས་ཏེ། གྲངས་ནི་དུང་ཕྱུར་གཉིས། བྱེ་བ་ཕྲག་བརྒྱད། ས་ཡ་ཕྲག་ལྔའོ་ཞེས་སོ། །བྱང་འབྲོག་ཡངས་པར་རྩིག་གོ་གསུངས་སོ། །བློན་པོ་ཀུན་གྱིས་མཆིད་ནས། བླ་བློན་ཀུན་གྱིས་ལོངས་སྤྱོད་དབུས་སུ་བྱེད་པས། བྱང་དུ་བརྩིགས་ན་ལྷ་ཁང་སྟོང་པར་ལུས་སོ་ཞེས་གསོལ་བས། འོ་ན་ཉང་རོར་རྩིག་གོ་གསུངས་པས། དེ་ཡང་ཐུགས་གཅིག་བྱེད་པར་བརྩིགས་ཕུལ། རྒྱལ་སྡེར་སྐར་ཆུང་ཙམ་ཞིག་རྩིག་པར་ཆད་བྱས་ནས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་སུ་གསོལ་ལོ། །རྒྱང་གྲགས་གཅིག་ཡོད་པ་དེ་རྨང་བྲུས་པ་དང༌། བཟོ་བོ་རྣམས་ཀྱིས་ཁེངས་དྲེགས་བྱས་ཏེ། རྩིག་པ་མཁན་པོ་ན་རེ། ངའི་རྩིག་པ་མེད་ན་གང་ཡང་བྱར་མི་གཏུབ་པས་ང་གཙོ་ཆེ་ཟེར། ལྡེར་བཟོ་མཁན་པོ་ན་རེ། ངའི་ལྷ་བཟོ་མེད་ན་དེ་དག་གང་བྱས་ཀྱང་ལྷ་ཁང་མི་འབྱུང་བས་ང་གཙོ་ཆེ་ཟེར་ནས། དང་པོ་ཀོ་བ་བཙོས་ནས་ལྡེར་བཟོ་འཕྲུལ་འཁོར་དུ་བཞེངས་སུ་གསོལ། དེ་ནས་ཀ་བ་བཙུགས་བསྐོར་བས་རྒྱ་ཕིགས་བཀལ། དེ་ནས་ཕྱི་ཐ་ལ་རྩིག་པ་བགྱིས་པས་གཙུག་ལག་ཁང་ཁྱད་པར་འཕགས་པ་གྲུབ་པ་ལགས། རྒྱལ་པོ་དེས་ཡབ་མེས་ཀྱིས་སྲོལ་ཁ་མ་ཤོར་བར་མཛད་དོ། ཡབ་མེས་ཀྱི་ཐུགས་དམ་ཀུན་ཞིག་རལ་གསོ་བ་དང༌། རྒྱན་བཏགས་པ་དང༌། མཆོད་པ་འབུལ་བ་དང༌། ལྷ་སའི་ཁྱམས་ཕྲ་མོ་བཞེངས་པ་ལ་སོགས་པ་ཕྱག་རྗེས་མང་པོ་མཛད་དོ། །རབ་ཏུ་བྱུང་བའི་མངའ་ཐང་བསྟོད། མེ་ཕོ་ཁྱི་ལོ་ལ་སྐུ་འཁྲུངས། ལོ་སུམ་ཅུ་རྩ་གཅིག་རྒྱལ་པོ་མཛད། འབངས་ཆབ་སྲིད་ཆོས་བཞིན་བསྐྱངས། ལྔ་བཅུ་རྩ་བཞི་མེ་བྱ་ལ་དགུང་དུ་གཤེགས་པའི་རྒྱལ་པོ་དེ་བོད་ལ་བཀའ་དྲིན་ཆེ་བ་ལགས་སོ།