R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
རྒྱལ་པོ་མཉེས་སོ། །དེ་ནས་འཛམ་བུའི་གླིང་ན་རྡོ་བཟོ་ལ་མཁས་པའི་བལ་པོ་རྡོ་མཁན་ལ་སོགས་པས་བཟོ་བགྱིས་ཏེ། འོག་ཁང་གསུམ་སྒོ་རེ་བཞི་མན་ཆད་རྡོ་ལ་བྱས་པའི་རྡོ་ཁྱད་པར་འཕགས་པ་བྱུང་སྟེ། དེའི་ཕུད་ལ་ར་སའི་གཙུག་ལག་ཁང་དུ། མེས་ཀྱིས་ཆོས་ཀྱི་སྲོལ་བཏོད་པས་བཀའ་དྲིན་ཆེ་བས་རྡོ་རིང་ཕུལ་ལོ། །རི་མོའི་ཕུད་དུ་དར་ལ་བྲིས་པའི་མ་དཔེ་འབུམ་བརྒྱ་རྩ་བརྒྱད་ཕུལ། ལྡེར་ཚོའི་ཕུད་ལ་ལྷ་ཚངས་པ་དང༌། བརྒྱ་བྱིན་གཉིས་བཞེངས་ནས་ཕུལ་ལོ། །ལུགས་མའི་ཕུད་ལ་ཅོང་ཆེན་པོ་དྲིལ་བུའི་ཚུལ་དུ་བཏགས་ནས་ཕུལ། བར་ཁང་ལྷ་ཁང་གསུམ་པོ་སོ་ཕག་ལས་བྱས། སྟེང་ལྷ་ཁང་གསུམ་ཤིང་དང་ཀོ་བ་དང་ཟངས་མ་ལ་བྱས། རྒྱ་ཕིབས་ཀྱི་འོག་ཏུ་རླུང་གི་འཁོར་ལོ་བསྐོར་ཏེ། རབ་ཏུ་བྱུང་བ་མང་པོ་སྐོར་བ་རྒྱུན་དུ་བྱེད་དོ། །བྱ་འདབ་ལ་ཕྱོགས་བཞིར་ལྕགས་ཐག་བཞི་མཆོད་རྟེན་ཆེན་པོ་བཞི་ལ་བརྟོད། རླུང་ཆེན་པོ་ནུབ་ནས་བྱུང་བའི་ཚེ། ཤར་གྱི་ལྕགས་ཐག་ལྷོད་ཙམ་སོང་བ་དང༌། རྒྱ་ཕིབས་ཤར་དུ་ཡོ་ཙམ་འགྲོ། རླུང་ཤར་ནས་གཡོ་ཙ་ན། ནུབ་ཀྱི་ལྕགས་ཐག་ལྷོད་ཙམ་སོང་བས། རྒྱ་ཕིབས་ཅུང་ཟད་ནུབ་ཏུ་ཡོ་ཙམ་འགྲོ། རི་ནག་གི་རྩེ་ལ་ན་བུན་བྱུང་བ་དང༌། ལྷ་ཁང་གི་ཁྱུང་མགོ་ལ་ཡང་ན་བུན་ཐུལ་ལེ་ཡོང་བའི་མཐོན་པོ་ཞིག ངན་སོང་སྦྱོང་བའི་དཀྱིལ་འཁོར་དུ་བཞེངས་སུ་གསོལ་ལོ། །བྱ་འདབ་དགུ་བརྩེགས་ལ་སོགས་པ་ཡབ་མེས་ཀུན་གྱི་ལྷ་ཁང་ལས་ལྷག་པ། བཟོ་སྣ་བཅུ་གཉིས་ཀྱིས་ཁྱད་པར་འཕགས་པ། ངོ་མཚར་དུ་གྱུར་པས་སྣ་དྲངས་པའི་འགུར་མོ་དང༌། གང་ངར་དང༌། བཙན་ཐང་དང༌། ཉང་རོ། རྩིབས་ཀྱི་ལྷ་ཁང་ཁྲབ་སྒོ་ཅན་གྱིས་ཁ་བསྐངས་ནས་བཞེངས་སོ། །དེ་དག་གི་དགེ་བསྒོས་སུ་འོས་པ་རྣམས་ལ་གཉེར་བསྒོས་ནས། བསྙེན་བཀུར་དང་གནང་སྦྱིན་ཆེ་ཐང་དུ་མཛད། བཙུན་མོ་རྣམས་ལ་སྲིད་བྱུང་བ་ཆུ་སྨན་གྱིས་ཁྱེར་ནས། སྲས་རྒྱལ་བུ་མི་མངའ་ཡང༌། འབངས་བདེ་བ་ལ་བཀོད་པ། ཟས་དང་གོས་ཙམ་གྱི་བདེ་བ་ནི་འཕྲལ་གྱི་བདེ་བར་གསལ། དུས་ཡུན་གྱི་བདེ་བ་ནི་ལྷ་ཆོས་ལ་བཀོད་པའི་ཕྱིར། བདེ་བར་གཤེགས་པའི་བཀའ་གསུང་རབ་ཐམས་ཅད་གཟིགས་པས། ཆོས་པ་ལ་ལ་ནི་རྒྱ་དཀར་པོའི་སྐད། ལ་ལ་ནི་རྒྱ་ནག་པོའི་སྐད། ལ་ལ་ནི་བལ་པོའི་སྐད། ལ་ལ་ནི་ཨོ་རྒྱན་གྱི་སྐད་ཆོས་སྨྲ་བ། མེས་ཀྱི་ལྷ་དང་ཆོས་སྐད་སྣ་ཚོགས་སུ་འབྱུང་བ་འདི་སློབ་དཀའ་བས་མ་ལེགས་པས། སངས་རྒྱས་རྒྱ་གར་དུ་བྱོན་ནས་ཆོས་རྒྱ་གར་དུ་གསུངས་པ་ཡིན་པས། ད་ཡང་རྒྱ་གར་གྱི་སྐད་དུ། གཞན་གྱི་སྐད་རིགས་ཀུན་བསྒྱུར་ནས་རྒྱ་གར་གྱི་སྐད་ཡུག་གཅིག་ཏུ་འགྱུར་བ་བྱེད་ཅེས་བཀའ་བསྩལ་ནས། བོད་ཕྲུག་བློ་རྣོ་བ་སུམ་ཅུ་ཐམ་པ་ལ་གསེར་མང་པོ་བརྫངས་ནས། རྒྱ་གར་དུ་ལོ་ཙཱ་སློབ་ཏུ་བཏང་བས་ལ་ལ་སྒྲ་མ་ཤེས། ལ་ལ་ཚད་པས་གུམ་སྟེ་དོན་མ་འགྲུབ་པོ། དེ་ནས་བཙན་པོ། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔག་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་ལ་བཀའ་བསྩལ་ནས་འགྱུར་སྐྱོན་ཐམས་ཅད་བསལ་ཏེ། མ་འགྱུར་བ་དང༌། མ་གྲགས་པ་གཉིས། འགྱུར་ཆད་པ་དང་ལྷག་པ་གཉིས། འགྱུར་ལོག་པ་དང་འགྱུར་འཁྲུགས་པ་གཉིས། འགྱུར་དམན་དང་འགྱུར་གཅོང་གཉིས་ཏེ། འགྱུར་སྐྱོད་བརྒྱད་ཀྱི་ཆ་ཅུང་ཟད་ཀྱང་མེད་པར་བྱས་ནས་འགྱུར་ཐམས་ཅད་དག་པར་བྱས། རྒྱ་གར་ཉི་འོག་གི་མཁན་པོ་ཨཙརྱ། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེན་དྲ་བོ་དྷི་དང༌། བཱིརྱ་ཀ་ར་པྲ་བྷ་དེ་དང༌། དྷཱན་ཤཱི་ལ་དང་བཞི་སྤྱན་དྲངས་ཏེ། གཏན་ལ་ཕབ་ནས། སྔར་གྱི་བསྒྱུར་བ་རྣམས་ནི་མི་ཉམས་པར་བྱ་བ་དང༌། ཕྱིས་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། ཐིག་པར་རྟ་ཆེ་ཆུང་དང༌། བཀའ་བཅད་དང༌། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་དོ། །ལོ་པཎ་བགྲེས་པོ་དེ་རྣམས་ལ་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་ཆ་རྐྱེན་བླ་ནས་སྦྱར་ཏེ། མེས་ཀྱི་ལྷ་ཁང་ན་བཞུགས་པ་དང༌། བོད་ཡུལ་ན་བཞུགས་པའི་གསུང་རབ་མ་ལུས་པ་རྣམས་སྤྱན་དྲངས་ཏེ། སྔར་འགྱུར་བ་རྣམས་ལ་ཡང༌། སྟོན་པ་དང་འཁོར་གྱི་ཚོགས་ལ་ཞེ་ས་གཞུག་པར་འོས་པ་དང༌། མི་འོས་པའི་ཁྱད་པར་བཅུག་སྟེ། ཐེག་པ་ཆེ་ཆུང་གི་སྔར་མདོ་སྡེ་སོ་སོར་ཡོད་པ་རྣམས་ནི་མདོ་མང་སྟབས་གཅིག་ཏུ་བྱས།