R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
དཀོན་མཆོག་བརྩེགས་པ་དང༌། སངས་རྒྱས་ཕལ་པོ་ཆེ་དང༌། མྱ་ངན་ལས་འདས་པ་དང༌། ལང་ཀར་གཤེགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་གཤེགས་པས་ཀླུའི་ཡུལ་དུ་བློ་མུན་པའི་དོན་དུ་གསུངས་པའི་རྒྱས་པ་འབུམ། མི་ཡུལ་དུ་མི་དད་པ་ཆེ་བའི་དོན་དུ་གསུངས་པའི་བར་པ་ཉི་ཁྲི་དང༌། ལྷའི་ཡུལ་དུ་ལྷ་དབང་པོ་ཡང་རབ་ཀྱི་དོན་དུ་གསུངས་པའི་འཕགས་པ་བརྒྱད་སྟོང་པ། སྲས་ཡུམ་བཅུ་བདུན། ཤཻས་རབ་ཁྲི་པ། ཁྲི་བརྒྱད་སྟོང་པ། འཕགས་པ་སྡུད་པ། རྡོ་རྗེ་གཅོད་པ། སྒོ་ཉི་ཤུ་རྩ་ལྔ་པ། ཤེས་རབ་སྙིང་པོ། ཡི་གེ་གཅིག་པ་ལ་སོགས་པ་གཟུངས་བྲན་བུ་དང་བཅས་པ་ཐམས་ཅད་སྡེ་ཚན་དུ་བྱས་སྒྲ་བསྒྱུར་ཏེ། སྒྲ་ཐམས་ཅད་རྒྱ་གར་བའི་འགྱུར་དུ་བཅོས་སོ། །གཞན་ཡང་བསྟན་བཅོས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པའི་ཚོགས་རྣམས་དང༌། དེ་རྣམས་ཀྱི་ཆ་ལག་དང༌། བསྟོད་པ་སྐོར་ལ་སོགས་པ་དང༌། དེ་རྣམས་ཀྱི་འགྲེལ་པ་དང༌། བསྟན་བཅོས་ཕྲ་མོ་མང་པོ་དང༌། མངོན་པ་གོང་མ་དང་དེའི་འགྲེལ་པ་དང༌། མངོན་པ་འོག་མ། མཛོད་རྩ་འགྲེལ་དང༌། བསྟན་བཅོས་སྡེ་བདུན་དང༌། དེའི་ཆ་ལག་མང་པོ་བསྒྱུར་རོ། །བྱམས་པའི་ཆོས་ལྔས་གཙོ་བྱས་པའི་བྱམས་པ་རང་དང་འབྲེལ་བའི་ཆོས་ཉི་ཤུ། དབྱིག་གཉེན་གྱི་རབ་ཏུ་འབྱེད་པའི་སྡེ་བརྒྱད། དེ་རྣམས་ཀྱི་རྩ་བ་འགྲེལ་པ། སྤྱོད་ཚོགས་སྐོར་གསུམ། འདུལ་བ་དང༌། མདོ་རྩའི་འགྲེལ་པ། རྒྱ་ཆེར་འགྲེལ་པ། རང་གྲོལ་ལས་ཆོག་ལ་སོགས་པ་ཆ་ལག་དུ་མ་དང༌། སུམ་བརྒྱ་པ་རྩ་བ་དང༌། འགྲེལ་པ། འོད་ལྡན་དང༌། ཕྲ་མོ་རྣམས་དང༌། བསྟན་བཅོས་ཆེ་ཆུང་མང་པོ་བསྒྱུར་རོ། །གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་རྣམས་ཀྱང་སྔར་གྱི་འགྱུར་ལེགས་པ་ཀུན་སོར་བཞག སྐད་མ་དག་པ་རྣམས་ལེགས་པར་བཅོས། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་པཎྜི་ཏ་བི་མ་ལ་མི་ཏྲ་སྤྱན་དྲངས་ནས། སྒྱུ་འཕྲུལ་གྱི་སྐོར་ལ། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་བསྒྱུར། དེ་ནས་རྣམ་སྣང་སྒྱུ་འཕྲུལ་དྲ་བ་བསྒྱུར། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལ་རྩ་རྒྱུད་གསང་བ་སྙིང་པོ། ལེ་ལག་ཡེ་ཤེས་བླ་མ། སྒྱུ་འཕྲུལ་བླ་མ། ལྷ་མོ་སྒྱུ་འཕྲུལ། བརྒྱད་པ། བཞི་བཅུ་པ། བརྒྱད་ཅུ་པ། ཁྱད་པར་གསང་སྙིང་རྩ་རྒྱུད་འཕྱོང་པར་ཁབ་ལུགས་བཤད་དང་བཅས་པ། དྲ་བ་ཆེ་ཆུང༌། རྒྱན་དམ་པ། འཕྲིན་ལས་ཤ་ར་བརྒྱད་མན་ངག་དང་ཤར་ཆུང་བཅུ་གཉིས་དང་བཅས་པ་བསྒྱུར་ནས་དག་པར་བྱས་སོ། །སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས། སྡེ་སྣོད་གསུམ་ཁྲི་གཅིག་གི་སྟེང་ནས་གསུང་བར་བྱས་ཏེ། ཆོས་ལུགས་བཟང་པོ་མཛད། དཀར་ཆག་བཏབ་ནས་ཕྱོགས་ཕྱོགས་སུ་བསྲིངས་སོ། །བཀའ་རྒྱ་ཆེ་ཆུང་ཡང་ཡི་གེར་བཏབ་མཛད་དོ། །ཐ་ན་བྲེ་དང༌། སྲང་དང༌། ཞོ་ལ་སོགས་པ་རྒྱ་དཀར་པོ་མ་ག་དྷ་དང་བསྟུན་ནས་འོན་ཆང་རྡོ་དང༌། སྐྱིད་ཤོད་ཤོ་མ་ར་གཏན་ལ་ཕབ། བཙན་པོ་དད་པ་ཆེ་བས་མདུན་ས་ཆུང་བ་རབ་ཏུ་བྱུང་བ་ལ་ཕུལ་བས། ལོ་ཙཱ་བ་ཀུན་གྱི་ཞལ་ནས་བོད་འབངས་འདུལ་དཀའ་བས་ཆད་པ་ལ་བརྟེན་དགོས། རབ་ཏུ་བྱུང་བ་སྟོན་པའི་བཀའ་བཞིན་བྱེད་འཚལ་བས། ཆད་པ་བགྱིད་མི་རུང༌། མདུན་ས་གནང་བ་མི་ལེན་ཞེས་གསོལ་བས གསུང་བཞིན་མི་བགྱིད་པ་ལ་ངས་ཞང་བློན་ཀུན་བགྱིད་དུ་བསྩལ། ཆབ་སྲིད་བཞེས་པར་ཞུ་ཞེས་གསུངས་སོ། །ཐུགས་དད་པས་རྗེའི་དབུ་ཐོད་ཕུད། རབ་ཏུ་བྱུང་བའི་གདན་དུ་བཏིང༌། རབ་ཏུ་བྱུང་མ་ཐག་ལ་ཞབས་སྤྱི་བོར་ལེན། གོས་ངུར་སྨྲིག་སྐྱེ་བོས་གྱོན་པ་གཟིགས་ན་ཡང་ཕྱག་དེང་མཛད། དན་གྱི་ལྕང་ཚལ་དུ་བླ་སྒོ་དང་པོ་དགེ་འདུན་ལ་ཕུལ། རྒྱ་ནག་པོ་དང༌། བོད་ཡུལ་དང༌། གཞན་ཡང་རྗེ་རལ་པ་ཅན་གྱི་མངའ་འོག་ན་ཡོད་པ་རྣམས་ལ་བཀའ་བསྩལ་ནས། ལྷ་ཁང་སྟོང་རྩ་དང༌། མཆོད་རྟེན་བྱེ་བ་བཞེངས་སོ། ཞང་བློན་གྱིས་སྙུང་ཕྱག་གི་རྟེན་ཕུལ་ནས་སྙུང་ཕྱག་ཉི་ཤུ་རྩ་གཅིག་ཕུལ་ཡང་ལན་མི་གནང༌། བོད་ཡོངས་ལ་རྗེའི་དཔྱ་བསྡུས་ནས། དགེ་འདུན་ལ་བླ་ནས་འཚོ་བ་འབུལ། རབ་ཏུ་བྱུང་བ་རེ་རེ་ལ་ཡང་འབངས་མི་ཁྱིམ་བདུན་བདུན་ལྷ་རིས་སུ་ཕུལ་ནས་ན་བཟའ་སྦྱོར། རབ་བྱུང་གི་གོས་ལྷན་པ་ཅན་གཟིགས་ནས། དེའི་ལྷ་རིས་ལ་བྲིས་ནས་བཀའ་དྲག་ཏུ་བསྩལ། སྐྱེ་བོ་ཁྱིམ་པ་ཆོས་ལ་མོས་པ་ཀུན་རབ་ཏུ་བྱུང་བའི་མདུན་ས་བཞིན་ཆོས་དང་བསྟུན་པས་ཤིན་ཏུ་བདེ་ཞིང་སྐྱིད་པར་མཛད།