R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།རྒྱལ་པོ་དེ་ལ་ལྷ་སྲས་ལྔ་བྱུང་སྟེ། ཁྲི་གཙུག་ལྡེ་རལ་པ་ཅན། ལྷ་སྲས་གཙང་མ། ཁྲི་དར་མ་འུ་དམ་བཙན། ལྷ་རྗེ་ལྷུན་གྲུབ། ཁྲི་ཆེན་འདེའུ་དང་ལྔ་འཁྲུངས་སོ། །དེ་ལ་གཅེན་གསང་བའི་བདག་པོ་ཕྱག་ན་རྡོ་རྗའི་སྤྲུལ་པ་ཁྲི་གཙུག་ལྡེ་བཙན་མངའ་བདག་རལ་པ་ཅན། ཆུ་མོ་འབྲུག་ལ་འཁྲུངས། དགུང་ལོ་བཅུ་གཉིས་ལོན་པ་དང༌། མེ་བྱའི་ལོ་ལ་རྒྱལ་སར་བཏོད། དབང་བསྐུར་ནས་ཆབ་སྲིད་གཏད་དོ། །ཅོག་ལོ་བཟའ་དཔལ་གྱི་ངང་ཚུལ་མ་དང༌། མཆིམས་བཟའ་ཁྱུང་དཀར་མ་དང༌། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་བཟའ་མེ་ཏོག་མ་དང་ལྔ་ཁབ་ཏུ་བཞེས་སོ། །སྦས་མང་རྗེ་ལྷ་འོད་ཀྱིས་བློན་པོ་བྱས། བན་ཆེན་པོ་དཔལ་གྱི་ཡོན་ཏན་གྱིས་ཆོས་ཀྱི་བློན་པོ་བགྱིས་ཏེ། མེས་ཀྱི་བད་རྔམ་པའི་ལྷ་ཁང་ལ་དཔེ་བགྱིས་ཏེ། ཐུགས་དམ་གྱི་གཙུག་ལག་ཁང་བཞེངས་པའི་དུས་སུ། རྒྱལ་པོ་དེའི་སྐུ་རིང་ལ། གྲ་ཤོད་གཉིས་བྱ་བ་ཡི་གེའི་མཁན་པོ་གཉིས་བྱུང་སྟེ། རྗེ་ལ་ཡི་གེའི་སྟངས་ཕུལ་བས། སེང་གེ་གནམ་མཆོངས་འདྲ་བ་དང༌། མུ་ཏིག་བསྟར་ལ་རྒྱུས་པ་འདྲ་བ་གཅིག་བྱུང་སྟེ། རྗེ་ས་བདག་རྒྱལ་པོའི་ཐུགས་དམ་འབྲི་བར་བཟང་བས། ཞའི་གཙིགས་ཀྱི་རྡོ་རིང་གི་འགྲམ་དུ་ཡི་གེའི་དཔེ་གཅིག་བཏབ་ནས་བཞག གསེར་ཡིག་ནི་དགེ་རྒྱས་བྱེ་མ་གླིང་གི་བཟང་པོ་སྤྱོད་པ་དང༌། ཡེར་པའི་ཕུང་པོ་གསུམ་པའི་མདོ། མདོ་སྣ་བཞུགས་པའི་གསེར་འབུམ་དེ་རྣམས་འབྲི་བའི་དུས་སུ་རྗེས་རྩིས་གནང་བ་ནི། བསུ་བ་ཞུ་རྟེན། གདན་གཡས་གྲལ། གཏང་རག་གི་འབུལ་བ་བསམ་གྱིས་མི་ཁྱབ་པ་གནང༌། རྩི་སར་ཞིང་དོར་གཅིག སྐྱོ་རོགས་སུ་རྩེད་འཇོ་སྣ་ཚོགས་པ་གནང་ངོ༌། །བོད་ཡུལ་དུ་གསུང་རབ་མང་དུ་བྲིས་ཤིག་ཅེས་བཀའ་བསྩལ་ཏོ། །དེ་ནས་རྗེའི་ཞལ་ནས་ཡབ་མེས་ཀུན་གྱི་རིང་ལ་བཙན་པོ་ལ་བྱ་བ་གསུམ་ཡོད་དེ། ཐུགས་དམ་གྱི་གཙུག་ལག་ཁང་བཞེངས་པ་དང༌། བོད་འབངས་བདེ་བ་ལ་བཀོད་པ་དང༌། སྐུའི་དགྲ་ལ་དམག་དྲངས་པའོ། །གོང་མ་རྣམས་ཀྱིས་ལ་ལས་རེ་རེ་ཙམ་མཛད། ལ་ལས་གཉིས་གཉིས་ཙམ་མཛད། ཡང་རིམ་པས་མཛད་དེ། ངས་གསུམ་དུས་གཅིག་ཏུ་བྱེད་དོ། །ཞེས་བཀའ་བསྩལ་ནས། ཐུགས་དམ་གྱི་གཙུག་ལག་ཁང་གི་རྨང་འདིང་བར་བྱེད་ཙ་ན། རྗེའི་ཞལ་ནས། ལྷ་ས་མཁར་དང་འདྲ། བསམ་ཡས་གྲོད་དང་འདྲ། སྐར་ཆུང་མཆད་པ་དང་འདྲ། ང་ལྷ་ཁང་གཤའ་མ་ཞིག་བྱེད་གསུངས་ནས་བཀའ་བསྩལ་པ་དང༌། རྒྱ་དཀར་པོ། ནག་པོ། ལི་ཡུལ། ཁ་ཆེ། བལ་པོ། བོད་ཡུལ་གྱི་བཟོ་བོ་མཁས་པ་ཐམས་ཅད་བཀུག་སྟེ། རྒྱ་ནག་གི་ཇུ་ཞག་མཁས་པ་ཞིག་གིས་ས་བཙལ། འོན་ཀྱང་རྡོའི་བཟོ་བོ་མཁས་པ་ཞིག་ལིའི་ཡུལ་དུ་ལྕང་ར་སྨུག་པོ་ན་ལི་རྗེ་ལ་ཡོད་པ་ཐོས་ནས། གླ་བ་གཅིག་བཟུང་ནས་ལྕགས་ཀྱི་དྲ་བར་བཅུག་ནས། བོད་ཀྱི་བཙན་པོའི་སྤོས་ཀྱི་གླང་པོ་ཡིན་པས་འདི་བཞེས་ལ་ལི་ཡུལ་སྤྱོད་པའི་རྒྱལ་པོ་ཞེས་བྱ་བ་བཟོ་བོ་མཁས་པ་གཅིག་ཡོད་ཟེར་བས། དེ་བོད་ཀྱི་བཙན་པོའི་ཐུགས་དམ་ལྷ་ཁང་གི་བཟོ་བོ་བྱེད་པ་ལ་གནང་བར་ཞུ་བྱ་བ་དང༌། དེ་མ་གནང་ན་རྒྱལ་པོ་ཐུགས་ཁྲོས་ནས་དམག་འདྲེན་ནོ་བྱ་བའི་བཀའ་ཤོག་གི་སྒྲོམ་བུ་བསྐུར་ནས་ཕོ་ཉ་བ་བཏང༌། ཕོ་ཉ་བས་ལི་རྗེ་ལ་བཀའ་ཤོག་གི་སྒྲོག་བུ་ཕུལ་བས། ལི་རྗེས་བཀའ་ཤོག་གི་སྒྲོམ་བུ་གཟིགས་པས་སྤོས་ཀྱི་གླང་པོའི་རིལ་མ་ཚུར་བཅད། སྤོས་ཀྱི་དྲི་སྣོམ་པ་བྱུང་བས་ཞུ་རྟེན་ལ་ཡང་མཉེས། བཙན་པོའི་བཀའ་ལ་མ་ཉན་ན། དམག་ཡོང་བ་ལ་ཡང་འཇིགས་ནས། བཀའ་ཤོག་སྒྲོམ་བུ་ན་ཇི་ལྟར་ཡོད་པ་བཞིན་བརྫང་བར་ཆད་ནས། ལི་ཡུལ་སྤྱོད་པའི་རྒྱལ་པོ་ལ་བོད་ཡུལ་དུ་མཆི་འཚལ་བར་བསྒོ་བས། ངོས་རྒས་པས་ངའི་བུ་གསུམ་བཙན་པོའི་ཕྱག་ཏུ་འབུལ་ལོ་ཞེས་པས། ལི་རྗེ་ན་རེ། ཁྱོད་དང་བཙན་པོ་གཡར་མ་མཇལ་ན། ལི་ཡུལ་དུ་བཙན་པོའི་དམག་ཡོང་བས། སྔོན་ཡང་རྒྱལ་པོ་སྲོང་བཙན་སྒམ་པོའི་རྟ་དམག་དྲངས་ནས་ལི་ཡུལ་ཕུང༌། ཆམ་ལ་ཕབ་ཟེར་བས་ཁྱོད་ལི་ཡུལ་སྤྱོད་པའི་རྒྱལ་པོ་ལམ་དུ་གུམ་ཡང་མགོ་བོ་བཙན་པོའི་ཕྱག་ཏུ་ཕུལ་ཞིང༌། བུ་ལྀ་གསེར་གཟུངས། གསེར་འོད། གསེར་ཐོག་གསུམ་ནི་ལྷ་བཟོ་བའི་མཁས་པའི་མཆོག་ཡིན་པས་བོད་དུ་བཟོ་བྱེད་དུ་རྫོངས། ཕོ་ཉ་བ་ལ་སྐྱེས་བསྐུར་ནས་འོངས། ཞེས་སྨྲས། དེར་ལི་ཡུལ་སྤྱོད་པའི་རྒྱལ་པོ་ཡང་མ་གུམ་པར་བཙན་པོ་དང་ཞལ་མཇལ་ཏེ།