R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
སྣ་ནམ་རྒྱལ་ཚ་ཁྲི་འབུམ་རྗེ་ཁྲ་མགོ་བ་ཕྱི་བློན་དུ་བསྐོས། བློན་པོ་ཀུན་གྱིས་ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། ཆོས་ཇི་ལྟར་བསྣུབས་ན། རྒྱ་ནག་པོས་བོད་ཀྱི་རིག་པ་ཐམས་ཅད་ཐུབ་པ་ལ། ཆོས་ཀྱི་རིག་པ་དང་རྒྱལ་པོའི་བསོད་ནམས་མ་ཐུབ་ནས། ལོ་གཅིག་ཏུ་གབ་རྩེ་ཐམས་ཅད་བཀྲམ། ཇུ་ཞག་བརྩིས་པས་ཐབས་རྙེད་དེ། བོད་ཀྱི་རྒྱལ་པོ་དང༌། བཙུན་མོ། བློན་པོ་གསུམ་ལ་ལྟ་ལོག་དང་སྤྱད་ལོག་གྱིམ་ཤང་བྱས་ཏེ། འདབ་ནོར་དང༌། དཔྱ་སྐྱེས་ཀྱི་ཏུམ་བུ་གསུམ་བྱས་ཏེ་བསྐུར་རོ། །ཁོང་གསུམ་གྱི་ཕྱག་ཏུ་རེ་རེ་བཞག་སྐད་དོ། །དེར་གནམ་ཐེ་དཀར་པོ། བར་ཐེ་ཁྲ་བོ། ས་ཐེ་ནག་པོ་གསུམ་ཞུགས་ནས། དེར་ཐུགས་སུ་གདོན་གསོལ་ཏེ། རྒྱལ་ཁྲིམས་དང་ཆོས་ཁྲིམས་རྣལ་མ་མ་བྱུང་སྟེ། ལོ་ཙཱ་བ་ལ་སོགས་མཆོད་གནས་རྣམས་ཀྱིས། རྗེ་མངའ་བདག་རལ་པ་ཅན་གྱིས་ཆོས་དང་མཐུན་པར་མཛད་པ་འབངས་ཀྱི་སོ་ཚིས་ལ་སོགས་པ་འདི་ལྟར་ལགས་ཞེས་ཞིབ་ཏུ་སྙན་དུ་གསོལ་བས་ཀྱང༌། བཙན་པོས་ཆོས་ཁྲིམས་སྔར་བཞིན་མ་བྱུང༌། རབ་ཏུ་བྱུང་བ་ཀུན་གྱིས་རྗེ་རལ་པ་ཅན་ལ་སྲས་མི་མངའ། བཙན་པོ་དར་མ་འུ་དུམ་ལ་ཐུགས་རྒྱུས་མི་མངའ། ཆོས་ཁྲིམས་དར་གྱི་མདུད་པ་ཞིག་ཏུ་ཉེ་ཞེས་བརྟགས་པའི་ཚིག་རྟག་ཏུ་སྨྲས་པས། བཙན་པོའི་སྐུ་ཤིག་གི་ཕུང་པོར་སོང༌། དེར་ལོ་གཅིག་ཆོས་དང་མཐུན་པ་ཙམ་བྱུང༌། དེ་ནས་ལོ་པཎ་རྣམས་ཀྱི་ཅོས་ཀྱི་སྒྲ་བསྒྱུར་བའི་འཕྲོ་ལུས། མདོ་སྡེ་ཆོས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་མདོ་དང༌། སྤང་གོང་ཕྱག་སྟོང་པ་དང༌། ཡོངས་སུ་རྒྱས་པ་རྟོགས་པ་ཆེན་པོ་དང༌། སངས་རྒྱས་ཕལ་པོ་ཆེའི་སྨད་ཁོག་ཆད། མདོ་སྡེ་ཟ་མ་ཏོག་བཀོད་པ་དང་ལྔ་ལུས། ཆོས་སྒྱུར་གྲྭ་ཞིག འོན་ཇང་རྡོའི་ལྷ་ཁང་རྗེའི་ཐུགས་དམ་དགུ་བརྩེགས་དང༌། ཇོ་མོའི་ཐུགས་དམ་ཙན་དན་ལྷ་ཁང་ལ་ཞལ་གྲོ་རབ་གནས་མ་འགྲུབ་པར་ལུས། སླད་ཀྱི་བཙན་པོ་སྐུ་དབང་སྐྱེས་པ་དང་འགྱུར་ཏེ། བློན་པོ་ནག་པོ་ལ་དགའ་ཀུན་དང་གྲོས་བྱས་ཏེ། ཆོས་ཁྲིམས་ལ་སྙད་གསོལ་བར་དགོངས་སྙད་མ་རྙེད། པཎྜི་ཏ་དྷ་མ་ཤཱི་་་་ས། རྨེ་རུར་མཚམས་བཅད་ནས་ཛམ་བྷ་ལ་བསྒྲུབས་པས་གྲུབ་ནས། ཙན་དན་གྱི་སྐུ་ལ་རྡོ་རྗེ་བརྒྱབ་པས་གསེར་ཕྱེ་ལྟེ་བའི་ཁུང་དུ་་ནས་་་་སླེབས་པ་བྱུང༌། དེ་ལ་རྒྱུ་བྱས་ཏེ་ཐུགས་རྗེ་ཆེན་པོའི་སྐུ་ཁ་སརཕཎི་བཞེངས། སེ་རུ་ན་བཞུགས། གསུང་གི་རྟེན་གསེར་གྱི་ཕྱེད་དང་སུམ་སྟོང་པ་འགའ་ཞིག་བཞེངས། འབྲས་མོ་ན་བཞུགས། ཐུགས་ཀྱི་རྟེན་དངུལ་གྱི་བྱམས་པ་འཁུན་བུ་ཅན་ལ་སོགས་པ་རྟེན་མང་དུ་བཞེངས་སོ། །ཉེ་གནས་ཁ་ཆེ་ཨུད་པ་ལས། དངུལ་གྱི་བྱམས་པ་བཞེངས་ནས་ལྷ་སར་བཞུགས་སོ། །དགུང་འདུས་ཀྱི་མཆོད་པ་བྱ་བར་གྲགས་པ་བཙུགས། དུས་དེར་ལྷ་ས་རུ་སད་དང༌། སེར་བ་དང༌། བཙའ་དང༌། མུ་གེ་དང༌། མི་ནད་དང༌། ཕྱུགས་ནད་བྱུང་བས། དེ་ལ་བཙན་པོས་འབངས་ཀུན་ལ་འདི་ལྟ་བུ་བྱུང་བ་ཅིས་ཅན་ཞེས་དྲིས་པས། ངེས་ཅག་གིས་མི་ཤེས་ཟེར་བས། ངས་ཤེས་ཏེ་སྔོན་རྒྱ་མོ་ཀོང་ཅོ་བྱ་བའི་གནོད་སྦྱིན་མོ་ཞིག་གིས། གནོད་སྦྱིན་གྱི་ཤཱཀྱ་མུ་ནེ་ཟེར་བའི་བཀྲ་མི་ཤིས་པ་གཅིག་སྤྱན་དྲངས། རི་རབ་ཀྱི་རྩེ་མོར་འོངས་ནས་ལྷ་ཡུལ་ཐམས་ཅད་ཕམ་པར་བྱས་ནས་ཕུང་བར་བྱས། དེ་ནས་ཨོ་རྒྱན་དུ་འོངས་ནས་ཨོ་རྒྱན་ཐམས་ཅད་ཕུང་བར་བྱས། དེ་ནས་མ་ག་དྷར་འོངས་ནས་རྒྱ་དཀར་པོ་ཐམས་ཅད་ཕུང་བར་བྱས། དེ་ནས་རྒྱ་ནག་པོར་འོངས་ནས་རྒྱ་ནག་པོ་ཐམས་ཅད་ཕུང་བར་བྱས། དེ་ནས་བོད་ཡུལ་དུ་འོངས་ནས་བོད་ཡུལ་ཕུང་བར་བྱས་པའི་གཏན་ཚིགས་མོ་པ་དཔྱད་ལ་མཁས་པ་ཡིན་ཟེར་ནས། ལྕགས་པོ་རི་སེང་གེ་གནམ་དུ་མཆོངས་པལ་འདྲ་བ་ལ། སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ། མཆོད་རྟེན་ཉི་ཤུ་རྩ་གཅིག་གིས་མེ་བཙའ་བཞག སྤྱི་པོར་མཆོད་རྟེན་ནག་པོ་ཁྲི་དཔངས་དགུ་པས་མནན། མཁལ་ཁུང་དུ་ལྷ་ཁང་བྱས་ནས་གཏད་ལ་མནན། དེ་མ་མནན་ན་རྒྱ་གར་མངའ་འོག་ཏུ་འདུ་བ་ཡིན། ཡང་དམར་པོ་རི་སྟག་མོ་ཁུང་དུ་འཛུལ་བ་འདྲ་བ་དེ་སྣ་ལ་ཤིང་གནར་མའི་ཕུར་པ་གདབ། དེ་མ་བཏབ་ན་རྒྱ་ནག་དབང་དུ་འདུ་བ་ཡིན། ཡང་ཡར་ལུངས་ཡར་སྣའི་གདོང་ལ། རི་འབྲས་ཀྱི་ལྗང་པ་འདྲ་བ་ཡོད། དེ་སྐེད་པ་གཅོད། མ་བཅད་ན་བོད་ལ་མུ་གེ་ཡོང་བ་ཡིན། ཡང་ཉང་རོ་ན་རི་སྟག་དང་སེང་གེ་འཐབ་པ་འདྲ་བ་ཡོད།