R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
སྟག་སེང་གཉིས་ཀྱི་མཇུག་མ་བསྣོལ་བ་འདྲ་བ་དེ་གཅོད། བར་དུ་རིན་པོ་ཆེའི་མཆོད་རྟེན་གྱིས་མནན། དེ་མ་མནན་ན། བཙན་པོ་འཕྲུལ་མངའ་བ་དང༌། བློན་པོ་རིག་པ་ཅན་རྒྱུན་མི་འཆད་པར་འོང་བ་དང༌། བོད་ལ་མི་དཔའ་བོ་རྒྱུན་མི་འཆད་པར་འོང་བ་ཡིན། དྲང་སྲོང་སྲིན་པོ་རི་དང༌། རྒྱ་ནག་སྟོང་ཁུན་གཉིས་ཀྱི་བར་ན་རི་པི་ཝང་གི་རྒྱུད་འདྲ་བ་ཡོད་པ་དེ་ལས། ཡུལ་གང་དང་རྫས་དང་ཡོན་ཏན་ཐམས་ཅད་མ་ཆད་པར་འོང་བ་ཡིན། དེ་མོས་གནོད་པར་བྱ་བར་མ་ནུས་པས། ད་ལྟ་ཡང་རྒྱུན་མི་འཆད་པ་ཡིན་ནོ། །བོད་འབངས་ཐམས་ཅད་རབ་ཏུ་བྱུང་བས། བུད་མེད་བཀག་ནས་ཆོས་བྱེད་དེ་ཟེར་ནས། ཤེས་རིག་ཐམས་ཅད་རབས་བཅད་ནས་བོད་ཀྱི་ཆབ་སྲིད་རྒྱའི་ཕ་མིང་ལ་གཏད་འདོད་པ་ཡིན། བོད་ཀྱི་ས་གཉན་རི་གཉན་ལ་བཅོས་ཁ་མང་པོ་བྱས་པས། མོ་རང་མཛེས་ཁྱེར་ནས། རོ་ལྷས་སར་བཞག་ནས་བང་སོ་མེད་པ་དེ་ཙུག་ཡིན་ཞེས་བྱ་བ་ལ་སོགས་ལོག་པའི་ལུང་མང་པོ་ཁྲིད་ནས། ད་རྒྱ་གར་གྱི་སྐད་པ་ར་པི་ར་འདི་ལ་གོ་རྒྱུ་གང་ཡང་མེད། ཆོས་ཀྱི་ནོར་བཏུབ་པ་མི་ཡོང༌། འོ་ཅག་རང་ཐམས་ཅད་ཆོས་པའི་རྟགས་དང་ཕྲལ་ལ་ཁྱིམ་པར་འཇུག ཟླ་བ་དྲུག་ཏུ་ཡབ་མེས་ཀྱི་ཆོས་ཁྲིམས་བཅས་པ་ཐམས་ཅད་བཤིག་གོ་ཞེས་གླེང་ནས། བཀའ་ཤོག་བགྱིས་ཁྲིམས་ལོག་བྱས་ནས། བློན་པོ་ནག་པོའི་ཕྱོགས་ལ་དགའ་བ་རྣམས་སོ་སོར་བསྐོས་ཏེ། བཙུན་པ་བརྟགས་བོར་དུ་མ་བཏུབ་པ་རྣམས་མདའ་གཞུ་དང༌། རྔ་ཆ་ལང་དང་དུང་ལ་སོགས་པ་བསྐུར་ནས། ཁྱི་ར་བ་ལ་བྱས། དེར་མི་ཉན་པ་ཀུན་སྲོག་དང་ཕྲལ། རབ་ཏུ་བྱུང་བ་ཙོ་སྔ་དྲོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུངས། ཕྱི་དྲོ་མངོན་པ་གསུང་བའི་དུས་སུ་མཁན་སློབ་ཀྱིས་དབུ་མཛད་པའི་དགེ་སྦྱོང་ཚུལ་ཁྲིམས་མི་གཏོང་བ་ཐམས་ཅད་བསད། དེ་ནས་སྔགས་པ་རྣམས་ཕབ། དེའི་དུས་སུ་མཐུ་ཆེ་བ་སྣུབས་ནམ་མཁའི་སྙིང་པོ་ཡིན་པས། དེར་ཁོང་ལ་སྐྱོན་འབེབས་ཟེར་བས། ཁོང་ན་རེ། ཡི་དམ་གྱི་ལྷ་སྒོམ་དུ་གསོལ་ཟེར་བས། སྡིགས་མཛུབ་གཅིག་མཛད་པས་ཐོག་ཕབ་ནས་བྲག་ལ་བརྒྱབ་པས། རྒྱལ་པོ་ཉིད་ལ་ཡང་བྱའོ་གསུངས་པས། ཁྱེད་ལ་སྐྱོན་མི་དབབ་པོ། །ད་ཕྱིན་ཆད་སྔགས་པ་ལ་མི་དོ་འོ་ཞེས་ཟེར་རོ། ནམ་མཁའི་སྙིང་པོ་ཤར་ཕྱོགས་སུ་ཆོས་གོས་ཀྱིས་གཤོག་པ་བྱས་ནས་འཕུར་ཏེ། རོལ་མོའི་སྒྲ་སྣ་ཚོགས་དང་བཅས་པས་བསུས་ནས་ནམ་མཁའ་ལ་གཤེགས་སོ། །སློབ་དཔོན་པད་མས་རབ་གནས་མཛད་པའི་ལྷ་ཁང་མཆོད་རྟེན་རྨས་བཤིག་ཏུ་མ་བཏུབ་ནས། བསམ་ཡས་དང༌། འཕྲུལ་སྣང་ལ་སོགས་པ་རྣམས་སྒོ་ལ་འདག་ཞལ་བརྒྱབ། གླེགས་བམ་གྱི་པོ་ཏི་ཕལ་ཆེ་བ་ལྷ་སའི་བྲག་ལྟེ་བ་ཅན་དང་མཆིམས་ཕུའི་རྫ་ལ་སྦས། ལྷ་ཤཱཀྱ་མུ་ནེས་གཙོ་བྱས། ལྷ་ཡས་མར་འོངས་པ་ཡར་སྐྱོལ། མས་ཡར་འོངས་པ་མར་སྐྱེལ་བར་བྱས་པས། བློན་པོ་དད་པ་ཅན་ཀུན་ན་རེ། བཙན་པོའི་ཐུགས་སུ་གདོན་གསོལ་བར་ངེས། མེས་སྲོང་བཙན་སྒམ་པོ་དང༌། བལ་མོ་བཟའ་ཁྲི་བཙུན་དང༌། རྒྱ་མོ་བཟའ་ཀོང་ཇོ་གསུམ་ནི་སྤྲུལ་པར་འདུག དེའི་རྗེས་ནས་དང༌། རྒྱལ་པོ་བྱང་ཆུབ་སེམས་དཔའ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འཕྲུལ་མངའ་བ་དང༌། བློན་པོ་སྦས་གསལ་སྣང་དང༌། འགོས་རྒན་དཔལ། མ་གྲུང་སྙན། ཁྲི་བཟང་ཡབ་ལྷག་ལ་སོགས་པའི་རིག་པ་ཅན་མང་པོ་བྱོན། རྗེ་རལ་པ་དང༌། བན་ཆེན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་ལ་སོགས་པ་བློན་པོ་རིག་པ་ཅན་མང་དུ་བྱུང་ཡང༌། བློན་པོ་ནག་པོའི་ཕྱོགས་ལ་དགའ་བ་རྣམས་ཀྱིས་མི་རིགས་པ་བྱས། ད་ནི་བཙན་པོས་ཆོས་ཁྲིམས་བཤིག་འདོད་པའི་སྙད་འདོགས་པ་ཡིན། ལྷ་ཤཱཀྱ་མུ་ནེ་ལ་བོད་འབངས་ཐམས་ཅད་ཀྱི་བདེ་སྐྱིད་རེ་བ་ཡིན་ཏེ་ཟེར་ལྟ་ཞིང་མྱ་ངན་བྱེད་ཅིང་མམིག་ནས་མཆི་མ་གཏོང༌། དེ་ནས་བོད་འབངས་དད་པ་ཅན་ཀུན་གྱིས་ལྷ་ཡར་མར་སྤྱན་མི་འདྲེན་པའི་ཐབས་བྱས་སོ། །རིན་པོ་ཆེ་ཇོ་བོའི་སྐུ་སྒུལ་བར་མ་ནུས་ཞེས་སྙན་དུ་གསོལ་བས་རྗེའི་ཞལ་ནས་གཟུ་བ་ཚུགས་ལ་བོར་ཞིག་ཟེར་ནས། ལྷ་བཞུགས་ཁང་དུ་བྱེ་མ་བཏིང་ནས། གཟུ་བདང་ཐག་པ་བཏགས་ཏེ་འཐེན་པས་ཐག་པ་མང་པོ་ཆད། དེ་ནས་རྗེ་ལ་ཞུས་ཏེ། སྔོན་ཡང་ཞང་མ་ཞང་གིས་ལྷ་བྱེ་ཐེམས་སུ་སྦས། ད་དེ་བཞིན་དུ་བྱེ་ཐེམས་སུ་ཞུགས་སམ་ཞུས་པས། དེ་ཙུག་གྱིས་གསུངས་ནས་བྱེ་མའི་ཐེམས་སུ་བཅུག་གོ། །བཙན་པོའི་ཞལ་ནས།