R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཟིངས་པོ་སྣ་ཚོགས་ཅན་ལ་སོགས་རིགས་མི་འདྲ་བ་སྣ་ཚོགས་གནང༌། མི་ཆོས་དང་ལྷ་ཆོས་གཉིས་ཀ་གཏན་ལ་ཕབ། ར་ས་དང༌། བསམ་ཡས་དང༌། སྐར་ཆུང་ལ་སོགས་པའི་ཡབ་མེས་ཀྱིས་ཐུགས་དམ་བཞེངས་པའི་འཕྲོ་ཐམས་ཅད་ཀྱང་མ་ལུས་པར་བཞེངས་པར་མཛད་དོ། །ཞིག་ཡལ་ཐམས་ཅད་ཀྱང་གསོ་བའི་དུས་དེར་ལོ་ཉི་ཤུ་རྩ་བཞི་རྒྱལ་སྲིད་བཟུང༌། དེ་ལ་འབངས་ནག་པོ་ལ་དགའ་བ་རྣམས་ཀྱིས་ངེད་འདི་ཙམ་དུ་སྤྱོད་པ་དོག་པ་དེ་ཅིས་ལན་ཞེས་གླེང་བཤེར་བྱས་པས། བློན་པོ་རྣམས་ཀྱི་སྙིང་དུ་བདུད་ཞུགས་ནས། འདི་བཙན་པོ་ཆབ་སྲིད་དམ་དྲགས་པའི་དབང་གིས་ལན་ཟེར་བར་འཆམས་ཏེ། བློན་པོ་ནག་པོ་རྣམས་ཀྱི་སྙིང་དུ་གནམ་ཐེ་དཀར་པོ། བར་ཐེ་ཁྲ་བོ། ས་ཐེ་ནག་པོ་གསུམ་ཞུགས་ནས། དམངས་དང་བཙུན་པ་ལ་དབང་གཏད་པས་ནོངས་ཟེར། སྤྱོད་པ་རྩིང་དུ་བཏང་བས་དེ་ལ་བཀའ་བཀྱོན་ནན་ཆེར་བསྩལ་བས། དེ་ཕ་གིས་ལན་ཟེར་ནས། རབ་བྱུང་ལ་མཛུབ་མོ་བཙུགས་པས། ངའི་རབ་ཏུ་བྱུང་བ་ལ་མཛུབ་མོ་བཙུགས་ནས་ཟེར་ཏེ། ཀེར་བྱེད་ན་མཛུབ་མོ་ཆོད་ཅིག་ཅེས་བཀའ་བསྩལ་ཏོ། །མཚང་ཅན་སྟོན་པའི་བརྡ་བྱས་པས། དེ་ཁྲིམས་ལ་སྐྱོན་གཅིག་གསུངས་ནས་མཛུབ་མོ་བྲེགས། དུས་ཕྱིན་ཆད་ངའི་རབ་ཏུ་བྱུང་བ་ལ་མཛུབ་མོ་བཙུགས་ན་ཟེར་ཏེ་ཀེར་བྱེད་ན་མཛུབ་མོ་ཆོད་ཅིག་ཅེས་བཀའ་བསྩལ་ཏོ། །ཡང་དེ་རྣམས་སྤྱོད་པ་དོག་པ་ཕ་གི་ཀུན་གྱིས་ལན་ཟེར་ཏེ་མཆུ་ཡོ་བྱེད་པས་ངའི་རབ་ཏུ་བྱུང་བ་ལ་མཆུ་ཡོ་བྱེད་པ་ཀུན་མཆུ་བྲེགས་ཤིག་གསུངས་ནས་མཆུ་བྲེགས། དེ་བཞིན་མིག་ལོག་གིས་བརྡ་བྱས་པས་མིག་ཕྱུང༌། ཆོས་པའི་ཀ་ཅ་བརྐུས་པ་ལ་དཀོན་མཆོག་གི་བརྒྱད་ཅུ་འཇལ་ལ་སོགས་ཀྱིས་ལེན་པའི་ཁྲིམས་མཛད་པས་དེར་ཞང་བློན་ནག་པོ་ཀུན་ལྐོག་ཏུ་གྲོས་བྱས་ཏེ། ཆོས་ཁྲིམས་བཤིག་པའི་ཆད་བྱས་པས་དེ་ལ་བཙན་པོ་མ་བཀྲོངས་ན་ཆོས་ཁྲིམས་མི་ཞིག་ཟེར་ནས། ཁ་ཅིག་ན་རེ། རྗེ་རལ་པ་ཅན་ལ་སྲས་མེད་ཀྱང་གཅུང་ལྷ་སྲས་གཙང་མ་ཆོས་ལ་དགའ་བས། སྲིད་འཛིན་ཏེ་ཆོས་ཁྲིམས་མི་ཞིག་ཟེར། ཡང་བན་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་ཆོས་བྱེད་པ་ལ་དབང་ཆེ་བས་ཆོས་ཁྲིམས་མི་ཞིག་ཟེར། དེ་ལ་རྗེ་ལ་སྙན་ཕྲ་བཅུག་པས་ཆོག་ཟེར་ནས་བྲན་ཀ་དཔལ་གྱི་ཡོན་ཏན་དང༌། བཙུན་མོ་དཔལ་གྱི་ངང་ཚུལ་མ་གཉིས་ཉལ་བཤམས་སོ། །ཞེས་བློན་པོ་དབས་རྒྱལ་ཏོ་རེས་སྙན་དུ་གསོལ་བས། ཆད་པ་ཆེ་ཐང་དུ་ཞུས་པས་མི་བདེན་གསུངས་ནས་མ་གནང༌། ཡང་ཡང་ཞུས་པས་མི་སྲིད་གསུངས། ཁོང་གཉིས་ཀྱི་ཞབས་མ་གཉིས་བརྐུས་ནས་གཟིགས་པ་ཕུལ། ཞང་བློན་གྱིས་དཔེ་མེད་ཅེས་ཞུས་པས། འོ་ན་ཁྲིམས་ཆོད་གསུངས་པ་ལ་བན་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས་ལྕགས་ཀྱི་སྲོག་ཙ་བསྒྲུབས་པས་མ་གྲུབ་པ་ལ་ཕྲ་མ་བཙན་པར་བྱས་ཏེ། འཕན་ཡུལ་གཡུང་ཐང་དུ་བཀྲོངས་སོ། བྲན་ཀ་དཔལ་གྱི་ཡོན་ཏན་བསད་པས་བོད་ཀྱི་ཕྱྭ་གཡང་ཉམས་བྱ་བ་ཡིན་ནོ། །ཡུམ་དཔལ་གྱི་ངང་ཚུལ་ཅན་དམོད་མོ་བོར་ཏེ་བྲག་ལས་མཆོངས་ཏེ་གུམ་མོ། །དེ་མ་ཐག་ལྷ་སྲས་གཙང་མ་རབ་ཏུ་བྱུང་ནས་རྫོང་ང་ཚོན་པོ་དང་བཅས་ཏེ་སྤ་གྲོ་མོན་ཡུལ་དུ་སྤྱུགས་སོ། །བོད་ཀྱི་བསོད་ནམས་ཉམས་པ་དང༌། ལྷ་སྲིན་ཀུན་ཁ་ལངས་ནས་རྒོད་པས་བློན་འབངས་ནག་པོ་ལ་དགའ་ལྷ་གདོང་གིས་ཀུན་གྱི་གྲོས་ཀྱི་ཁ་ལོ་བསྒྱུར་ཏེ། དབས་རྒྱལ་ཏོ་རེ་དང་ཅོག་རོ་ལེགས་སྒྲ་ལྡོང་ཕུང་འདྲེ་མི་གཉིས་ཀྱིས་ཞའི་བོར་ཁྱེར་་་་འོར་ཆེར་་་རྒྱལ་པོ་དབུ་སྒྲ་བཟིལ་བའི་དུས་སུ། བཙན་པོ་རྒྱའི་འབྲས་ཅན་གསོལ་བ་ལ་དུག་སྣ་ཚོགས་པ་དྲངས་པས་མ་སྟོ་བར། དེར་ལན་དཀར་དུ་སྟངས་ལྡོང་བཙན་དང་སྐུད་པོ་ཅོག་རོ་ལྷ་ལོད་ཀྱིས་རྗེ་མངའ་བདག་རལ་པ་ཅན་དགུང་ལོ་སུམ་ཅུ་རྩ་དྲུག་པ་ལྕགས་ཕོ་བྱའི་ལོ་ལ་ལྟག་གཅུས་ནས་ཞལ་ལྟག་པར་བསྟན། ཅོག་རོ་བྱའུ་བགྱིས་ནས་སྐུ་བཀུམ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཆུ་ཕོ་རྟ་ལ་རྒྱལ་ས་མཛད། རྗེ་རལ་པལ་ཅན་ལྕགས་མོ་བྱ་ལ་དགུང་དུ་གཤེགས་པའི་བར་དུ་ལོ་བརྒྱ་ཐམ་པ་སོང༌། དེའི་བར་བོད་ཀྱི་རྒྱལ་ཁྲིམས་དང༌། ཆོས་ཁྲིམས་གཉིས་ཀ་དར་བས་འདི་སྐྱིད་པའི་གདུང་རབས་ཡིན་ནོ། །དེ་ནས་བཙན་པོ་དར་མ་འུ་དུམ་བཙན་པོ་དགུང་ལོ་བཅུ་དགུ་པ་ལ་ཆབ་སྲིད་བཏང༌། རྒྱལ་པོར་དབང་བསྐུར། བོད་འབངས་ཆོས་ལ་གནག་པ་ཀུན་གྱིས། དབས་རྒྱལ་ཏོ་རེ་ཐེ་རང་སྤྲེལ་མགོ་ཆོས་ལ་མི་དགའ་བ་དེ་ནང་བློན་དུ་བསྐོས།