R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཇོ་བོ་ཤཱཀྱ་མུ་ནེ་སྦས། གློ་འབུར་གྱི་བྱམས་པ་ལ་ཇོ་བོ་ཡིན་བྱས་ཏེ། ཆུ་ལ་སྐྱེལ་བར་བྱས་ཏེ་ཆད་ནས་ར་སའི་སྟེང་དུ་ཆོ་ངེས་བཏབ་པས་ལྷོ་ནུབ་དཀྱིལ་འཁོར་གྱི་སྟེང་ན། བཙན་པོ་མི་དགེ་བའི་ཁྲིམས་འཆའ་བས་ཐོས་ནས། ཅི་ཟེར་ཙི་ཉེས་ཟེར་རོ། །ལྷ་ཤཱཀྱ་མུ་ནེའི་འོག་ན་རྒྱལ་པོས་ཀླུ་མཐོང་བའི་དུག་ཅན་མནན་འདུག་བྱས་པས། སྐུ་ཕྱིར་ནམ་ལ་ཏོན་ཟེར་འདོན་ལ་ཁད། ད་སྐུའི་སྟེང་དུ་བྱེ་མ་བླུགས་ལ་བཞག་བྱས་པས། དེ་ལེགས། དེ་ལྟར་གྱིས་ཟེར། ཤཱཀྱ་མུ་ནེའི་བཞུགས་ཁང་བྱེ་མས་བཀང༌། སྒོ་ལ་འདག་པ་བྱུགས། རྒྱལ་པོ་དགའ་ལ་རེ་ནས་བཙུན་པ་ཆང་འཐུང་བའི་གཟུགས་ལ་སོགས་ལོགས་ལ་བྱས་བཞག བྱམས་པའི་སྐུ་སྨད་རས་ཀྱིས་གཡོགས། མི་དཔུང་པ་གཞིབས་པའི་བར་ནས་བཙན་པོས་གཟིགས་ཙ་ན། གསེར་ལྷག་ལྷག་པ་མཐོང་བར་བྱས་ཏེ། མི་མང་པོས་ཐག་པ་བཏགས་ཏེ་དྲུད་པ་ཞག་བྱས། ཉི་མ་ནུབ་པ་དང༌། སྐུ་དྲུད་དུ་མ་བཏུབ་འོ་ཐང་གི་མཚོར་བསྐྱུར་བྱས་པས། རུང་ཟེར་བས། བྱམས་པ་ཡར་གདན་དྲངས། གློ་འབུར་དེ་ཉིད་དུ་སྔོན་མ་བཞིན་དུ་བཞུགས། མཚོར་རྡོ་བོར་ནས་སྭ་བཏབ་པས། བཙན་པོ་ན་རེ། དེ་ཅི་ཡིན་ཟེར། ལྷ་ཆུར་བསྐྱུར་པ་ཡིན་བྱས། དེ་ཤིན་ཏུ་ལེགས་ཟེར། ནངས་པར་བློན་པོ་འགའ་ཆབ་ཁ་ན་ལྟ་ཞིང་སྐེད་པ་ཀྱོག་ཀྱོག་བྱས་པས། བཙན་པོས་གཟིགས་པས། ཁྱེད་ཚོ་དེར་ཅི་བྱེད་ཟེར། སྐུ་འཚོལ་བ་ཡིན་ཏེ་མི་འདུག་ཉ་སྲམ་གྱི་ཟོས་སམ་བྱས་པས། འོ་དེ་ཙུག་ཡིན་ཤིན་ཏུ་ལེགས་ཟེར་རོ། །དེའི་དུས་སུ་པཎྜི་ཏ་གུ་ཡ་དང༌། སྣུབས་སངས་རྒྱས་ཡེ་ཤེས་གཉིས་སྐྱེ་བ་སྔོན་མའི་སྤུན་ཡིན་ཀཔས། ནུ་བོ་བོད་ལ་ཆོས་ཁྲིམས་བཤིག་ནས་འདུག་པ་ཕུ་བོ་པཎྜི་ཏས་མངོན་ཤེས་ཀྱིས་མཐོང་ནས། བསྟན་སྲུང་གཤིན་རྗེ་དམར་ནག་བཏང༌། མ་མོ་དཔོན་གཡོག་སྐྱེལ་དུ་བྱོན་ནས། ལམ་ལྷོ་ལམ་ལ་འགྲིམས་ཏེ་གཡོག་པོ་ཀུ་མ་ར་དང་གཉིས་བྱོན་པ་དང༌། འབྲོག་མི་དཔལ་གྱི་ཡེ་ཤེས་དང་ཡར་འབྲོག་ཤ་བོ་སྒང་དུ་མཇལ། པཎྜི་ཏ་གསང་བའི་དབང་ཕྱུག་ལ་ཞབས་ཐོག་བྱས་ནས་དད་ཅིང་གུས་པས་ཞུས་ཏེ། སྲིད་པའི་མ་མོ་རྒྱུད་དགུ་ཆ་ལག་དང་བཅས་པ་བསྒྱུར་ཏེ། མོ་བསྒྱུར་འབྲོག་སྐོར་ཞེས་སུ་གྲགས་སོ། །སྣུབས་སྒྲེགས་པ་སངས་རྒྱས་དང་པཎྜི་ཏ་བྷ་སུ་དྷ་ར་རྣམ་གཉིས་ཀྱིས་ཆོས་རྒྱུད་གདམས་པ་མན་ངག་ལག་ལེན་དང་བཅས་པ་བསྒྱུར། ཆོས་ཀྱི་བཀའ་བབས་ལུགས་བདུན་བྱུང་སྟེ། སྙགས་ཛྙཱ་ན་ལ་གཡུ་སྒྲ་སྙིང་པོ་དང༌། བི་མ་ལའི་སེམས་སྡེ་དང༌། བདུད་རྩིའི་བཀའ་བབས་དང་རྗེ་གུ་རུ་པད་མའི་གཤིན་རྗེ་གཤེད་སྐོར་གསུམ་གྱི་བཀའ་བབས། རྨ་རིན་ཆེ་མཆོག་ལ་བི་ལ་མ་སྒྱུ་འཕྲུལ་གྱི་བཀའ་བབས། འབྲོག་མི་ལ་གྷུ་ཡ་མ་མོའི་བཀའ་བབས། རླངས་ཆུང་དཔལ་གྱི་སེང་གེ་ལ་སངས་རྒྱས་གསང་བའི་བཀའ་བབས། ནམ་མཁའི་སྙིང་པོ་ལ་ཧཱུཾ་ཀ་རའི་ཡང་དག་དང༌། རྗེ་གུ་རུ་པད་མའི་གཤིན་རྗེ་གཤེད་འོད་བྱང་གི་བཀའ་བབས། ཀ་ཅོག་རྣམ་གསུམ་ལ་ཛི་མི་ཏྲ་ལ་སོགས་ཀྱི་མཚན་ཉིད་རྣམས་ཀྱི་བཀའ་བབས། དེ་རྣམས་ལས་གྱེས་པའི་ཆད་ཚུལ་བྱུང་སྟེ། སྙགས་ཛྙཱ་ན་ལས་དཔལ་དགུ་རུ་གྱེས། མཁར་ཆེན་བཟའ་དང༌། ཅོག་རོ་བཟའ་ལས་གྱེས་པ་དང༌། སྙགས་ཛྙཱ་ན་དང༌། སོག་པོ་དཔལ་གྱི་ཡེ་ཤེས་ལས་གྱེས་པ་དང༌། སྒྲེགས་པ་སངས་རྒྱས་ལས་གྱེས་པ་དང༌། རྨ་རིན་ཆེན་མཆོག་ལས་མང་གསུམ་དང༌། ཁྱུང་པོ་དབྱིག་འོད་དང༌། ཁུ་བྱང་ཆུབ་འོད་དང༌། ཞང་ཛྙཱ་ན་སྡེ་གསུམ་དམ་ཚིག་ཉམས་པས། གསང་བ་སྙིང་པོ་མཆོང་མེད་ཀྱི་སྐོར་ཞེས་གྲགས། ཁྱུང་པོའི་སློབ་མ་དར་རྗེ་དཔལ་གྱི་གྲགས་པ། དེས་སྒྲིགས་པ་སངས་རྒྱས་ཏེ་ཡོངས་སུ་གྲགས་པ་དབུས་ལུགས་ཞེས་ཟེར། ཁྱུང་པོ་ལས་བྱུང་བ། དེ་རྗེས་ཁམས་སུ་བྲོས་ནས་བཤད་པ་ནི་ཁམས་ལུགས་ཞེས་སུ་གྲགས། ཁུ་བྱང་ཆོག་འོད་ལས་གྱེས་པ་ནི། སྒྱུ་འཕྲུལ་བཀའ་ལུགས་ཞེས་གྲགས་སོ། །རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་དུས་སུ། གཅུག་ལྷ་སྲས་གཙང་མ་སྤྱུགས་པས། ཡབ་མེས་ཀྱི་བཀའ་དཔེ་དང༌། ཟབ་ཆོས་ཀྱི་གདམས་པ་རྣམས་དང༌། དྲག་སྔགས་རྣམས་དང༌། རྗེ་གུ་རུ་པད་མའི་གདམས་པ་རྣམས་བསྣམས་ནས་གཤེགས་ནས། འོད་ཁྲ་སྣར་ལོ་གཅིག་བཞུགས་ནས། དེའི་དུས་སུ་བློན་པོ་ནག་པོ་རྣམས་ཀྱིས། གསོད་པས་སྡིགས་ནས་བཞུགས་སུ་མ་སྟེར་བའི་དུས་སུ།