R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཡེར་པའི་ལྷ་རི་སྙིང་པོ་ན་སྤེའུ་སེ་རུ་མ་རུ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་སྔགས་བཙུན་ཤེད་རྩལ་དང་ལྡན་པ་གཅིག་སྒོམ་བྱེད་པའི་དུས་སུ། ནམ་ཕྱེད་ཙམ་ན། དཔལ་ལྷ་མོ་བུད་མེད་ཀྱི་གཟུགས་སུ་དངོས་སུ་བྱུང་ནས། དེང་སང་བོད་ན་གྲུབ་ཐོབ་མང་ཡང༌། དུས་ལ་མ་བབས་པས་ཁྱོད་ལ་གྲུབ་ཐོབ་ཐམས་ཅད་ཀྱི་བྱིན་རླབས་ཞུགས་པས། རྒྱལ་པོ་སྡིག་ཅན་གསོད་རན་ཟེར་བ་ཞིག་བྱུང༌། དེ་ཉེ་གནས་ལ་རྨི་ལམ་དུ་བྱུང་བ་སྐད་བྱས་བཤད་པས། ཉེ་གནས་ཀྱིས་སློབ་དཔོན་ལ་ཆོས་བསྣུབས་པའི་ལོ་རྒྱུས་རྣམས་ཞིབ་ཏུ་སྙན་དུ་གསོལ་བས། རྒྱལ་པོས་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་པ་ཡང་ཚོར། གྲོས་བྱས་བཀྲོང་བར་རྩོམ་པའི་གཤེད་དུ་མ་བཏུབ་པ་དང༌། ལྷ་ལུང་དཔལ་གྱི་རྡོ་རྗེ་བཙན་པོ་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རྒྱལ་པོ་ལོག་སྤྱོད་ཚན་ཆེན་པོ་ད་རུང་སྤྱད་ནས་ངན་སོང་གསུམ་དུ་སྐྱེས་ཏེ། བསྐལ་པ་གྲངས་མེད་པར་འཁོར་བར་འཁྱམས་པ་ཨ་ཙ་མ་སྙམ་སྟེ། དེ་ལ་ཐབས་དང་རྟེན་འབྲེལ་བརྩིས་ནས་ཁོང་རང་གི་འཁོར་ལ་ང་རང་ལོག་ལོག་གི་བར་དུ་རྔ་དང་དྲིལ་བུ་དང་རོལ་མོའི་སྒྲ་ཐུན་དྲུག་ཏུ་མ་ཆག་པར་གྱིས་ཤིག་ཅེས་བསྒོས་ནས། སློབ་དཔོན་སྣུབས་ནམ་མཁའི་སྙིང་པོ་ལ་ཞུས་པས། ང་ཁམས་ཀྱི་ཟས་སྤངས་པས། དེ་ཁྱེད་ཀྱིས་སྒྲོལ་ཅིག ལམ་ཐམས་ཅད་མྱུར་དུ་བགྲོད་དོ་གསུངས་ནས་བྱིན་གྱིས་བརླབས་སོ། །དེ་ནས་ཁོང་གིས་རྟ་དཀར་པོ་གཅིག་ལ་སོལ་ཕྱེ་ནག་པོ་བྱུགས་སོ། །བེར་ནག་ནང་དཀར་པོ་ལ་ཕྱི་ནག་པོ་གཅིག་གྱོན། ལྕགས་མདའ་དང༌། ལྕགས་གཞུ་ཞིག་ཐོགས། མདུང་དཀར་པོ་ལ་སོལ་བ་ནག་པོ་བྱུགས་པ་གཅིག་ཁྱེར། ལྷ་སར་ཕྱིན་པའི་དུས་སུ། བཙན་པོ་ན་རེ། ང་ཁམས་གཅིག་ཀྱང་མ་བདེ། མདང་རྨི་ལམ་གཅིག་ཀྱང་ངན། སྙིང་གཅིག་ཀྱང་མི་དགའ་ཟེར་ཞིང༌། ར་སའི་རྡོ་རིང་གི་ཡི་གེ་ཀློག་གིན་འདུག་པ་ལ། ལྷ་ལུང་དཔལ་གྱི་རྡོ་རྗེ་མི་གཅིག་དང་འཕྲད་པས། དེ་ན་རེ། ཇོ་བོ་མི་ནག་གར་འགྲོ་ཟེར་བས། ང་བཙན་པོ་ལ་ཕྱག་བྱེད་པ་ཡིན་ཏེ། རྗེ་གང་ནས་བཞུགས་བྱས་པས། རྗེ་རྡོ་རིང་གི་ཡི་གེ་ཀློག་གིན་འདུག་ཟེར། བཙན་པོས་ལྷ་ལུང་དཔལ་གྱི་རྡོ་རྗེ་བྱུང་བ་མཐོང་ནས། མགོན་པོ་ནག་པོ་བྱུང་ཟེར་ནས། གཙུག་ལག་ཁང་དང་དགའ་ལྡན་གྱི་བར་གྱི་མཆོད་རྟེན་ལ་སྐུ་མཉེས་ནས་བཞུགས་འདུག་པའི་མདུན་དུ། ལྷ་ལུང་དཔལ་གྱི་རྡོ་རྗེས་རྟ་བབས་ནས། པུས་མོ་ལ་བརྟེན་ནས་གཞུ་བརྡུངས་པས། བཙན་པོས་དེ་ཕྱག་བྱེད་པར་གོ་ནས་བཞེངས་འཚལ་ཟེར། ཕྱག་དང་པོ་བྱས། རྟེན་ཕྱག་གཉིས་པ་བྱེད་ཙ་ན་མདའ་ལྟོང་ཁ་སྦྱར། ཕྱག་ཐ་མ་ཟིན་ཏེ་རལ་པ་རྒྱབ་ཏུ་བསྐྱུར། མཐེབ་བཀྲོལ་ཏེ། བཙན་པོའི་བྲང་ལ་བརྒྱབ་ནས། རྒྱལ་པོ་སྡིག་ཅན་དེ་ལྟར་བསད་དོ། །ང་བདུད་ཡབ་ཞུར་ནག་པོ་བྱ་བ་ཡིན་ཟེར་ཁ་ཕ་སྨྲས་སོ། །བཙན་པོ་ན་རེ། ང་ལོ་གསུམ་གྱིས་བསད་པ་སྔས། ཡང་ན་ལོ་གསུམ་གྱིས་བསད་པ་ཕྱིས་པས་ཟེར་གྲོངས། ལོ་བཅུ་དགུ་ནས་ཉི་ཤུ་རྩ་གཅིག་བར་དུ། ལོ་ངོ་གསུམ་ཟླ་བ་བཅོ་བརྒྱད་རྒྱལ་པོ་བྱས་ཟེར་རོ། །དེ་ནས་མི་ཁ་ཅིག་ན་རེ། སྲས་ཡོང་བ་དང༌། གཅུང་པོ་མ་སྤྱུགས་པ་ལ་དགོངས་པ་ཡིན་ཟེར། ཁ་ཅིག་ན་རེ། སྔ་ན་ཆོས་མི་བསྣུབས། ཕྱིས་ན་ཕྱིས་བྱེད་་་་་དཔྱིས་ཕྱིན་པ་་་་་བྱ་བ་ཡིན་ཟེར། ལོ་གསུམ་སྡིག་རྒྱལ་བྱས་ནས། བོད་ཁམས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་སྨད་པར་བྱས་སོ། །དེར་ལྷ་སྲས་བཙན་པོ་བཀྲོངས་པར་ཐམས་ཅད་ར་མདའ་རྒྱུགས་ཤིག་ཅེས་སྦྲན་ནས། ལ་ལ་ལྷ་རིས་སྒང་རྒྱུད་ན་མར་བྱུང༌། ལ་ལ་ཕ་བྲང་དམར་པོ་རི་ན་མར་བྱུང་ངོ༌། །བདུད་ཡབ་ཞུར་བགྱི་བ་སྐྱིད་ཆུའི་མཚོ་ཁོལ་མ་ལ་བསྡད་ནས་བདེ་ཉལ་བྱས་ཏེ། རྟའི་སོལ་ཕྱེ་བཀྲུས་པས་དག བེར་པྱིར་སློག་ལྕགས་གཞུ་འཕྱར་ཞིང༌། ང་ལྷ་གསནམ་ཐེ་དཀར་པོ་བྱ་བ་ཡིན་ཟེར་ནས་སོང་ངོ༌། །དེད་པས་ཀ་ཅིག་ན་རེ། ངན་པ་དེ་དོ་ཟིན་པ་ལ་དྲང་སྲིང་སྲིན་པོ་རིའི་སྣར་ས་སྲོས་ནས་བོར་ཟེར། ཁ་ཅིག་ན་རེ་གྲིབ་བསེ་སྒྲོམ་གྱི་ཕུ་རུ་ས་སྲོས་ཏེ་མ་མཏོང་བར་ཤོར་ཟེར། ཁ་ཅིག་ན་རེ་ཐན་མོ་རྡོ་རིང་ནས་ས་སྲོས་ནས་ཤོར་ཟེར་རོ། །དེ་ཟིན་པ་ལ་མ་མཏོང་ཟེར་རོ། །གསུམ་འོངས་པ་འདི་དཔལ་གྱི་རྡོ་རྗེའི་སྤྲུལ་པ་ཡིན་པར་ངེས། འདི་གསོད་དེ་ཟེར་ནས་སྟངས་དགུ་དེས་གསོད་དུ་ཕྱིན་པས་མི་ཀུན་ན་རེ།