R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཉང་ཏིང་ངེ་འཛིན་བཟང་པོ། སྣུབས་ནམ་མཁའི་སྙིང་པོ། སྙགས་ཛྙཱ་ན་ཀུ་མ་ར་ལ་སོགས་པ་ལོ་ཙཱ་བ་ཆེན་པོ་རྣམས་འཚོགས་ཏེ། བཀའ་བགྲོས་ཏེ། དེ་ནས་ཆོས་ཐམས་ཅད་གཏེར་དུ་སྦས་པར་བྱས་ཏེ། རྒྱུད་དུ་འཁྲུགས་པ་སྡེབ་པ། ལུང་གཅུས་པ་བསྲོང་བ། མན་ངག་གབ་པ་གསལ་བའི་གནད་ཀྱི་ཡི་གེ་ལ་སོགས་པ་རྣམས་སྙགས་ཛྙཱ་ན་ལ་བཏད་དེ། སྙན་ཁུང་ཐུགས་རྒྱུད་དུ་བྱས་ཏེ། ཡི་གེ་མི་འཁྱམས་པར་གཙིགས་བཟུང་རྒྱས་བཏབ། རལ་གཅིག་མ་དང་དཔལ་མགོན་ལྕམ་སྲིང་སྲུང་མར་བཞག ཐུགས་གཏེར་དུ་སྦས། པོ་ཏི་རྣམས་ལ་སྲང་སྲོང་སྲིན་པོ་རི། ལ་ལ་དཔལ་ཆུ་བོ་རི། བཟད་ཀྱི་དུ་ར་གདོང་ལ་སོགས་པར་བརྒྱ་རྩ་བརྒྱད་སྦས། ཁ་ཡག་ལ་བརྒྱ་རྩ་བརྒྱད་སྦས། ཆོས་འཁོར་སྟོད་སྨད་ཀྱི་གཙུག་ལག་ཁང་སོ་ཕག་གིས་བརྩིགས། ལྷ་སྐུ་རྣམ་པ་དུ་མ་སྦས། ཤངས་ཀྱི་ལྷ་ཕུར་མ་མོ་སྦས། རུ་བཟིའི་མཐའ་འདུལ་གྱི་སྒྲུབ་གནས་རྣམས་སུ་གཏེར་ཕྲན་ཉི་ཤུ་རྩ་བརྒྱད་སྦས། བུམ་ཐང་རིན་པོ་ཆེའི་བཞུགས་གནས་སུ་པད་མའི་ཆོས་གསུམ། ཡིག་མདོ་ཉི་ཤུ་རྩ་གསུམ་དང་བཅས་པ་སྦས། ཉང་ཏིང་ངེ་འཛིན་གྱིས་བི་མ་ལའི་རྫོགས་ཆེན་རྣམས་དབུ་རུ་ཞའི་སྐྱེར་ཚང་དུ་གཏེར་རྒྱ་དང་བཅས་ནས་སྦས། སྙགས་ཀུ་མ་ར་ལ་པཎྜི་ཏ་ཐམས་ཅད་ཀྱི་བཀའ་བབས་པ་ཡིན་ཏེ། དེས་སློབ་མ་དཔལ་ཆེན་དགུ་ལ་གདམས། དེ་རྣམས་ཀྱི་བཅུད་དང༌། ནམ་མཁའི་སྙིང་པོ་ལ་སོགས་ཀྱི་གནད་དོན་ཐམས་ཅད་སྣུབས་སངས་རྒྱས་ཡེ་ཤེས་ལ་བསྡུས་ཏེ། སྒྲེགས་ཀྱི་ཡང་རྫོང་ན་བཞུགས་སོ། །དེ་ནས་ལྷ་སྲས་གཙང་མ་ལྷོ་བྲག་འཁོ་འཐིང་དུ་བྱོན། ཞིག་རལ་ཐམས་ཅད་གསོས། གཏེར་ཚན་གཅིག་སྦས། དེ་ནས་སྤ་གྲོར་བྱོན། སྐྱེར་ཆུའི་ལྷ་ཁང་རྙིང་པ་གསོས། གསར་པ་བརྩིགས། ཡབ་མེས་ཀྱི་བླ་དཔེ་དང༌། ཁྲིམས་ཀྱི་ཡིག་ཚང་དང་ཚན་ཆེ་བ་གཅིག་སྦས། སྟག་ཚང་དང་སེང་གེ་ཕུག་ཏུ་གཏེར་ཁ་མང་དུ་སྦས། སྤྱལ་ཀར་བརྒྱ་རྩ་བརྒྱད་སྦས། གཏེར་ཕྲན་མང་དུ་སྦས། དེ་ནས་ལྷ་སྲས་གཙང་མ་ལ་སྤྱན་འདྲེན་མེད་པས་ཐུགས་མུག་སྟེ། བསམ་ཡས་སྐྱེར་ཚང་གི་བླ་དཔེ་ཟབ་མོ་རྣམས་སྤྱན་དྲངས་ཏེ་སྤྱལ་ཀའི་བྲག་ལ་སྦས། ལྷ་སྲས་སྐུ་འཁོར་རྣམས་གཤེགས་པའི་ཤུལ་དུ། ནམ་མཁའི་སྙིང་པོ་མཁར་ཆུར་གཤེགས། ཉང་ཏིང་ངེ་འཛིན་ཞ་རུ་བཞུད་དོ། །ལོ་ཙཱ་བ་གཞན་རྣམས་སོ་སོར་བྲོས། པཎྜི་ཏ་ལ་ལ་སྤྱུགས། ལ་ལ་རང་ཡུལ་དུ་བསྐྲད། དེའི་རྗེས་ལ་དར་མ་རྗེ་བློན་གྱིས་མི་ཏོང་པོ་མང་པོ་བཀྱེས་ཏེ། ཉང་ཏིང་གེ་འཛིན་བཟང་པོ་དབུ་རུ་ཞ་རུ་བཀྲོངས། རྨ་རིན་ཆེན་མཆོག་བུད་མེད་དུ་བརྫུས་ནས་འུ་ཡུག་ཏུ་ཟླ་བ་དགུ་ཡིབ། སློབ་དཔོན་ལ་ཕྱག་རྒྱ་བསྟེན་པ་ལ་སྙད་བཏགས་ཏེ། སྲོད་དུ་ཆུ་ཁ་གཅིག་ཏུ་བཀྲོངས། ངན་ལམ་རྒྱལ་བ་མཆོག་དབྱངས་ལ་བཀྲོངས་པར་བརྩམས་པས། སྤྱི་གཙུག་ཏུ་རྟ་སྐད་བཏོན་ནས། མི་ཏོང་པོའི་ཅོ་ཏོ་ནས་བཟུང་སྟེ་སྐད་ལ་བསྐོར་བས་མ་ནུས་ཏེ་སླར་བྲེད་དོ། །དར་རྗེ་དཔལ་གྱི་གྲགས་པ་དང༌། སྣུབས་སངས་རྒྱས་རིན་པོ་ཆེ་དང༌། མགོ་འགོམ་་་་སྒོམ་་་ཚུལ་ཁྲིམས་དང༌། མཁར་ཆེན་དཔལ་གྱི་དབང་ཕྱུག་དང༌། མཆིམས་ཤཱ་ཀྱ་པྲ་བ་དང༌། འབྲོག་མི་དཔལ་གྱི་ཡེ་ཤེས་དང༌། ཤུད་པུ་དཔལ་གྱི་སེང་གེ་དང༌། སྣ་ནམ་རྡོ་རྗེ་བདུད་འཇོམས་དང༌། སོག་པོ་དཔལ་གྱི་ཡེ་ཤེས་དང༌། རླངས་ཆུང་སེང་གེ་དཔལ། འོ་བྲན་དཔལ་གྱི་གཞོན་ནུ་ལ་སོགས་པ་ལོ་ཙཱ་བ་བགྲེས་པོ་རྣམས་ལ་རྒྱ་གར་གྱི་པཎྜི་ཏ་གྲུབ་པ་ཐོབ་པའི་སྙན་ཁུང་བརྒྱུད་པའི་གདམས་པ་མངའ་བ་དང༌། སློབ་དཔོན་ཆེན་པོ་བོ་དྷི་ས་ཏྭ་དང༌། སློབ་དཔོན་པད་མ་སམ་བྷའི་བྱིན་རླབས་ཞུགས་པས་སྐུ་ཚེ་རིང་བ་དང༌། ལྷ་དང་སྲུང་མ་དབང་དུ་འདུས་པ་དང༌། སྐུ་སྣང་མདངས་མི་སྣང་བ་ལ་སོགས་ཀྱིས་གྲུབ་པ་ཐོབ་ཀྱང༌། རྒྱལ་པོའི་ལོག་སྤྱོད་མ་བཟློག་སྟེ། སོ་སོར་ཏིང་ངེ་འཛིན་ལ་བཞུགས་སོ། །གཞན་སྒྲུབ་པ་པོ་མང་པོ་བཙན་ས་རུ་བསྐུངས་ནས་ཡིབ་པོ། །དེ་མ་ཡིན་པ་ཆོས་མཛད་རབ་བྱུང་ཚུལ་ཁྲིམས་མི་གཏོང་བ་ཀུན་བསད་དོ། །དེ་ནས་རེ་ཞིག་ན། ཡེར་པའི་ལྷ་རི་སྙིང་པོ་ན། ལ་ལ་རྟགས་མ་བསྐྱུར་བར་རི་དྭགས་རྔོན་པ་དང་ཤན་པ་ལ་བཅུག ཆོས་ཀྱི་འཆད་ཉན་དང་སྒོམ་སྒྲུབ། འབྲི་ཀློག་ཕྱག་མཆོད་ཐམས་ཅད་རྒྱུན་བཅད། བསྟན་པ་བསྣུབས་ཏེ་མིང་ཡང་མེད་པར་བྱས་སོ། །དེ་ནས་རེ་ཞིག་ན།