ང་མལ་གང་དུ་བགྱི་གསུངས། སྣུབས་ཕག་ཤིང་རྟ་ན་རེ། དཔལ་གྱི་དབང་ཕྱུག་ཀྱང་ཟེར། འདིར་སྟབས་གཅིག་ཏུ་བགྱིས་གསུངས་པས། ཁྱོད་ལྐོག་ན་འབུ་ཁ་གསོལ་བར་གྲགས། ང་སླ་ཁབ་བླ་གབ་བསྲུང་འཙལ་བྱས་པས། སྣུབས་ཕག་ཤིང་རྟ་ཁྲོས་ནས། ཨེ་ཤིང་རླག་་་་ལག་་་ཅན་གྱོང་པོ་འདི་ཟེར་བས། གྲུམ་ཤིང་རླག་་་་་ལག་་་་ཅན་བྱ་བར་གྲགས། དེ་གཉིས་ཀྱིས་བསླབ་པ་བླངས་ནས་ལོ་བཅོ་ལྔ་ཙམ་རེ་བཞེས་ནས་ཡོད་པའི་དུས༌། ལོ་འགའ་རེ་ནས་འདུ་འཛི་བག་རེ་མཛད་པ་ལ། མཁས་གྲལ། གཙུན་གྲལ། རྨེ་གྲལ་གསུམ་དུ་ཕྱེ་ནས་བསྙེན་བཀུར་རིམ་པས་ཕྱེ་ནས་བྱེད་པ་ལ། མཁས་བཙུན་གྱི་གྲལ་རིང་པོར་སོང་སྟེ་སྙན་བཀུར་རིམ་པས་ཕྱེ་ནས་བྱེད་པ་ལ། མཁས་བཙུན་གྱི་གྲལ་རིང་པོར་སོང་སྟེ་སྙན་པས་ཁྱབ་ནས་དབུས་གཙང་དུ་གྲགས་སོ། །བླ་ཆེན་པོའི་སློབ་མ་ནི་མཅོག་དྲུག་ཡིན་ཏེ། བཙུན་པ་སྤ་གོང་ཡེ་སེས་གཡུང་དྲུང་ཡིན། དེས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་བཤད་དོ། །བླ་ཆེན་པོའི་མཁན་བུ་ལ། འབར་རིན་ཆེ་གསལ། མཁས་པ་འལ་པ་རྡོ་རྗེ་དབང་ཕྱུག སྣུབས་དཔལ་གྱི་དབང་ཕྱུག་དང༌། མཁས་ལ་བཙུན་པ་ཇ་ཡེ་ཤེས་སེང་གེ་དང༌། ཅོ་ཤེས་རབ་བྱང་ཆུབ་པོ། གཞན་ཡང་ཤོག་ཆུང་པ་ཤེས་རབ་གྲགས་དང༌། བཀའ་འབར་བ་བྱང་ཆུབ་ལ་སོགས་མང་པོ་བཀའ་དྲིན་ལ་བཀོད་པ་ལགས་སོ། །བོད་ཀྱི་རྒྱལ་སྲིད་ཕྱོགས་སུ་ཆད་པ་ནི། བཙན་པོ་གླང་དར་མ་ལ་བཙུན་མོ་ཆེ་ཆུང་གཉིས་ཡོད་པ་ལ། སྲས་མ་གཟིགས་པ་ལ་བཙན་པོ་བཀྲོངས་ནས་ཡི་མུག་ཏུ་ལུས་པ་ལ། རང་རང་སོ་སོའི་བློན་པོ་རྣམས་ཀྱིས་བསྲུངས་སོ། །ཆོས་ཁྲིམས་དར་གྱི་མདུད་པ་འདྲ་བ་གྲོལ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག བོད་དམངས་མི་སོག་མའི་ཕོན་ཐག་ཆད། བན་ཆེན་ཀཔོ་བྲན་ཀ་དཔལ་གྱི་ཡོན་ཏན་བསད་པས་བོད་ཀྱི་ཕྱྭ་གཡང་ཉམས། ཕ་ཟེར་ལ་བུ་ནི་ཉན། རྗེ་ཟེར་ལ་འབངས་མི་ཉན། དཔོན་ཟེར་ལ་གཡོག་མི་ཉན། བོད་སིལ་བུ་རང་ཁར་་་དགར་་་སོང༌། རྗེའི་བཙུན་མོ་འབལ་ཕན་བཟའ་མའི་སྲས་ཁྲི་བརྟན་པོ་ཡུམ་བརྟན་ཡིན་ཏེ། ད་ལྟ་དཔལ་གྱི་བསམ་ཡས་ན་ཡོད་པ་རྣམས་ཡིན་ནོ། །ལྕང་རྒྱ་ན་ཡང་ཡོད་དོ། །དེ་གཉིས་གཅེན་པོ་གང་གིས་བྱེད་པར་མ་འཆམས་ནས་བློན་པོ་ཀུན་འཁྲུངས་ཏེ། དབུ་རུ་དང་གཡོ་རུ་གཉིས་སུ་ཆད་དོ། །ཚེ་སྤོང་བཟའི་སྲས་ཁྲི་གནམ་ལྡེ་འོད་སྲུངས་ཡིན་ནོ། །ཆུ་མོ་ཕག་ལ་འཁྲུངས་སོ། །དེ་དང་ཅོག་རོ་བཟའ་ལྷ་བཙུན་རྗེ་ལེགས་སུ་བཤོས་པའི་སྲས་རྗེ་དཔལ་མགོན་བཙན་ཡིནོ༌། །དེ་ཅུ་མོ་གླང་ལ་སྐུ་འཁྲུངས། ལོ་བཅུ་གསུམ་ལ་རྒྱལ་སར་བཏོན། དེའི་རིང་ལ་གནའ་དསུ་བཟང་པོ་རྣམས་ཞིག མི་རྣམས་ཀྱི་བསམ་པ་རྣམས་འགྱུར་ཏེ། རྗེ་ལ་ཁེངས་ལོག་འཁྲུག་པ་བྱུང་སྟེ། དང་པོ་ཁམས་སུ་བྱུང༌། དེ་ནས་བོད་འོད་འབར་མཆིམས་སུ་བྱུང་སྟེ། དར་རྗེ་དཔལ་གྱི་གྲགས་པ་ཁམས་སུ་བྲོས། དེ་ནས་དབུ་རུ། གཡོ་རུ། གཡས་རུ། རུ་ལག་དང་གསུམ་དུ་བྱུང༌། དེ་ནས་དབུ་རུའི་ཁེངས་ལོག་བྱུང༌། དེའི་དུས་སུ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་སྤྲང་པོར་བརྫུས་ནས་བལ་ཡུལ་དུ་བླ་མ་རྣམས་ལ་མཇལ་དུ་འགྲོ་དགོངས་ནས། གཙང་ན་ཡར་བྱོན་པ་དང༌། ལྷན་གྱི་ལུང་མདར། ལྕང་གོང་ཕུད་དཀར་དང༌། གཡན་བན་མ་བོན་དང་མཇལ། ཇོ་བོ་སྐྱེས་མཆོག་གང་ནས་བྱོན་ཟུས་པས། སྣུབས་ཡུལ་རོང་ནས་འོངས་གསུངས་པས། སྣུབས་སངས་རྒྱས་ཡེ་ཤེས་ཡིན་པར་ཤེས་ནས། བདག་གིས་ཟླ་བ་གཅིག་གཉིས་ཀྱི་མཐུན་རྐྱེན་དང༌། ཞབས་ཏོག་བགྱིད་བཞུགས་པར་ཞུ་བྱས་པས། རུང་གར་སྐྱིད་ཕ་ཡུལ་ཡིན་གསུངས་ནས། དེས་མཚོན་པ་བྱས་ནས་སོ་ཡེ་ཤེས་དབང་ཕྱུག་དང༌། ཁུ་ལུང་ཡོན་ཏན་རྒྱ་མཚོ་དང༌། དཔའ་འགོར་བློན་ཆེན་འཕགས་པ་དང༌། སྲུ་ལེགས་པའི་སྒྲོན་མ་དང༌། ཐུགས་ཀྱི་སྲས་བཟི་རིན་པོ་ཆེ་གསུམ་གྱིས་དབང་བསྐུར་སྟབགས་སུ་ཞུས་ཏེ། དེ་རྣམས་ལ་གདམས་པ་སོ་སོར་རྫོགས་པར་གནང་ངོ༌། །དེའི་དུས་སུ་འོ་བྲན་དཔལ་གྱི་གཞོན་ནུ་སྙེ་མོར་བྲོས་པ་ལས། ཚ་བོ་བློ་གྲོས་དབང་ཕྱུག་ལ་སོགས་པས་རྒྱུད་པ་མཛད། སྣུབས་ཡོན་ཏན་རྒྱ་མཚོ་ལ་རྒྱ་གར་དྷ་ན་ཏ་ལས་གཤིན་རྗེ་གཤེད་ཁ་ཡུན་དང༌། མན་ངག་ཟམ་མོ་མང་པོ་དེའི་དུས་སུ་གནང༌། དེ་ནས་རྒྱ་གར་དུ་གཤེགས་སོ། །འོ་བྲན་བློ་གྲོས་དབང་ཕྱུག་ལ་རྒྱ་གར་ཙན་དྲ་གིར་ཏིས་གསིན་རྗེ་གཤེད་འཐེབ་རྒྱ་ཅན་ལ་སོགས་པ་གནང་སྟེ་བསྒྱུར་རོ།