R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།དེ་གཉིས་གསང་སྔགས་སྔ་འགྱུར་གྱི་གཞུག་མར་སོང་སྟེ། དེ་ནས་གཅིག་ཀྱང་འགྱུར་བྱང་རྣམས་བསྒྱུར་བ་མེད་དོ། །དུས་ཕྱིས་གཞན་གྱིས་བཙལ་ཡང་དཔེ་ཆ་དམ་དུམ་འདྲ་ཨེན་ཙམ་མ་ཡིན་པ། པཎྜི་ཏ་དང་ཆོས་གཅིག་ཀྱང་མ་རྙེད་དེ་མ་བྱུང༌། དུས་དེ་ཙ་ན་དབུས་གཙང་ན་སྡོམ་པ་དང་བཤད་པའི་གདམས་ངག་བཀའ་ཆད་ནས་མེད། གཙུག་ལག་ཁང་ཐམས་ཅད་ཀྱི་ལྡེ་མིག་བཙུན་གཟུགས་དབུ་གཙུག་ཕུད་ཅན་ཤམ་ཐབས་གོང་བ་ཅན་གྱོན་པ་འགའ་རེའི་མིང་གནས་བརྟན་དགྲ་བཅོམ་པར་བཏགས་པས་འཛིན། མཆིམས་སྨད་ན་ཆེན་པོ་རྒྱལ་བ་དང་ཞང་ལྕམ་འབྲེ་ཆུང་བ་གཉིས་ཀྱི་ཀློག་ཤེས་པས་མི་ཤི་བའི་དགེ་བར་གླེགས་བམ་ཀློག་པ་ལ། བྱིས་པ་དང་བུ་ཆུང་ཤི་བ་ལ་སུམ་བརྒྱ་པ་ཀློག མི་ཆེ་བ་ཤི་བ་ལ་བདེ་ཆེན་འདོན། དེ་གཉིས་སིན་ཏུ་ཤེས་རབ་ཆེ་ཟེར་ནས་མཁན་པོ་སེར་པོ་གདུགས་པ་འདི་བསྡུས་པར་འདུག་ཟེར། རྩ་འགྲེལ་སྡེབ་མ་ཤེས་པས་མཁན་པོའི་དཔེ་ཆ་བཤིག་གནས་བལྟས་པས། མཁན་པོའི་ཁར་ཙང་གི་ཆོས་དེའི་གོ་བ་ལེགས་པ་ཞིག་འདི་ན་འདུག་ཟེར། མཁན་པོ་ན་རེ། སྔོན་གྱི་བགྲེས་པོ་ཀུན་གྱི་བསྙེལ་ཡིག་རྙིང་པ་ཡིན་ཏེ་མཆི་ཟེར། དེར་ཡིག་སྣ་ལ་རྩལ་བཤད་འགའ་རེ་འཕེལ། དུས་དེར་མདོ་སྨད་ན་མཁན་སློབ་ཀྱི་བཀའ་བརྒྱུད་མ་ཆད་པར་འདུག་བྱ་བའི་གྲགས་པ་ཆེར་ཐོས་སོ། །དེ་ནས་བསྟན་པའི་མེ་རོ་བསླངས་པ་ནི། སྤུ་རང་གི་བཙད་པོ་ལྷ་བླ་མ་ཡེ་ཤེས་འོད་དང༌། དབུ་རུའི་ཁྲི་ལྡེ་མགོན་བཙན་དང༌། བསམ་ཡས་ཀྱི་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་དང་གསུམ་གྱི་སྐུ་དྲིན་གྱིས་བསྐྱབས་ནས་ཆོས་ཀྱི་ཁུངས་བཙལ་ལོ། །དེ་ལ་བསྟན་པའི་མེ་རོ་སྨད་ནས་བསླངས་པ་ནི། དར་མས་བསྟན་པ་བསྣུབས་ནས་མི་རབས་འགའ་ནས་ལངས་ཏེ། དེ་ཡང་ཡུམ་བརྟན་ཁྲི་བརྟན་པོའི་སྲས་ཁྲི་ལྡེ་མགོན་པོ། དེའི་སྲས་རིག་པ་མགོན་དང་ཉི་འོད་དཔལ་མགོན་ཞེས་བྱ་བ་གཉིས་བྱུང༌། རིག་པ་མགོན་གྱི་སྲས་པོ་ཁྲི་ལྡེ། དེའི་སྲས་འོད་པོ། དེ་ལ་སྲས་གསུམ་སྟེ། ཨ་ཙ་ར། མགོན་པོ་བཙའ། མགོན་བརྩེགས་སོ། །ཉིད་འོད་དཔལ་མགོན་གྱིས་སྲས། མགོན་སྤྱོད་ཡིན། དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་ནོ། དེ་ལ་འོད་པོའི་སྲས་མགོན་བཙན་དང་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གཉིས་ཀའི་རིང་ལ་ཚུལ་ཇི་ལྟར་བསྟན་པ་བསླངས་ན། བོད་དབུས་གཙང་ན་བཀའ་གདམས་པ་བྱ་བ་རྩ་བ་བཞི་སྣ་ཡུལ་ལ་ཡོད་པ་སྲུང་བ་དང༌། དགག་དབྱེ་བྱ་ཟེར་ནས་དབྱར་ཟླ་གསུམ་གསུམ་སྲུང་ལ། དེ་མིན་མི་སྲུང་བ་གཅིག་དང་གཉིས་ཀྱི་རྟགས་ཙམ་འཛིན་པ་ལས་མེད་པ་ལ་དེའི་དུས་སུ། བཙན་པོ་དེ་ཉིད་ཀྱིས་དབུས་གཙང་གི་མི་རྣམས་ལ་ཐར་པའི་དོན་འབྱུང་བར་བཞེད་པས། སྡོམ་པ་མཚན་ཉིད་པ་བླངས་ས་ག་ན་ཡོད་རྩད་བཅད་པས། དང་པོ་རྗེ་དར་མས་བསྟན་པ་བསྣུབས་ནས་དམར་གཙང་གཡོ་གསུམ་མར་བྲོས་པ་ལས་མཆེད་པ་མདོ་ཁམས་སྨད་ན་འདུག་ཅེས་གསན་ནོ། །ཁོང་གཉིས་ཀྱིས་དབུས་གཙང་ནས་དད་པ་ཅན་བསྐུལ་ལོ། །དེར་བོད་དད་པ་ཅན་འགའ་ཞིག་ཕྱིན། དགེ་བསྙེན་རེ་ཙམ་བྱས་ནས་ཕྱིན་པས་ནི་སྡེ་པ་འཕེལ་མ་ནུས་སོ། །དེ་ནས་དབུས་གཙང་གི་མི་ཁམས་ནས་སྡོམ་པ་བླངས་པ་ལ་ལོ་རྒྱུས་ཆོས་འབྱུང་འགའ་ཡོད་དོ། །མི་བཅུ་གཉིས་ལམ་ནས་ལོག་པ་གཅིག་དང་བཅུ་གསུམ་འོངས། བླ་ཆེན་དགོངས་པ་གསལ་གྱིས་མཁན་པོ་མཛད། གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་སློབ་དཔོན་མཛད། སྒྲོ་མཉ྄ཛུ་ཤྲཱིས་གསང་སྟེ་མཛད་ནས། དབུས་ཤ་ཚར་གྱི་ཀླུ་མེས་ཤེས་རབ་ཚུལ་ཁྲིམས། སུམ་པ་ཡེ་ཤེས་བློ་གྲོས། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་བློ་གྲོས། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ། འ་བརྒྱད་སྤུན་གཉིས། ཨུ་པ་ཏ་ཀ་ར་དང་ལྔ་ནི་གཙང་པའོ། །ལམ་རྒོད་སྣ་དང་འཕྲད་པས། ཀླུ་མེས་རག་ཤིས་སྡོམ་པ་ཕོག་ནས། འ་བཙུན་འཕགས་པ་བློ་གྲོས་སུ་མིང་བཏགས། མདོ་སྨད་དུ་མ་བྱོན་པས་སྡོམ་པ་རྣལ་མ་མེད་ཟེར་བའང་བྱུང༌། ཀླུ་མེས་ཀྱིས་གྲུམ་ལ་འདུལ་བ་ལོ་གཅིག་གསན། ཡར་བྱོན་ཁར་མཁན་པོ་ལ་མོས་པའི་རྟེན་དུ་ན་བཟའ་གཅིག་མཆོད་གནས་ཞུས་པས། ཁོང་རང་གི་དབུ་ལ་གསོལ་འཕྲོབོན་པོའི་ཞྭ་འོབ་དང་གྲུ་བཞི་སེར་པོ་བཏབ་པ་གཅིག་གནང༌། དེ་ཀླུ་མེས་ཀྱིས་གསོལ་བས་མོ་བྱིས་གཅིག་ན་རེ། སྐྲ་ལོ་འདུག་ཟེར་བས། ཀླུ་མེས་ཀྱི་བཙུན་ཞེས་གྲགས་སོ། །སྡེ་པའི་གཙུག་ལག་ཁང་ཀུན་ན་ཡོད་དོ།